བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གལ་ཆེའི་གནད་དོན་འགའ་ལ་དཔྱད་ཞིབ་
བྱས་པའི་སྐོར་གྱི་ཟུར་གསལ་ཟིན་ཐོའི་སྟོད་ཆ།
དེ་ཡང་སྤྱིར་ལོ་རྒྱུས་དག་གི་གནད་དོན་ལ་ཞིབ་འཇུག་བྱས་ཡོང་ཚེ་གཅིག་བྱས་ན་ལོ་རྒྱུས་ཞིབ་འཇུག་ཅེས་པ་དེ་ཤིན་ཏུ་ནས་ལས་སླ་མོའི་གྲལ་གྱི་བྱ་བ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་ཤིན་ཏུ་ནས་དཀའ་ཁག་ཆེ་བའི་ལས་དོན་ཞིག་ཡིན་ཡང་ཆོག ཅིའི་ཕྱིར་ན། དེང་སང་འཛམ་གླིང་ན་འཚོ་བཞུགས་གནང་བའི་ལོ་རྒྱུས་སྨྲ་བ་ཕལ་གྱིས་ལྟ་ཚུལ་གཅིག་གི་རྗེས་འཛིན་ཙམ་བྱས་ནས། རང་གི་ལྟ་ཚུལ་འདི་དང་དེ་ཞེས་ངོས་འཛིན་ས་ཞིག་མེད་སོང་བ་འདྲ་ཞིག་རེད། དེ་ལྟར་ན་ངས་འདི་ནས་གཅིག་གི་སྟངས་ར་དང་། ལད་མོ་བྱེད་རྒྱུ་ནི་ཧ་ཅང་བདེ་མོ་ཞིག་ཡིན་པས། ལོ་རྒྱུས་ཞིབ་འཇུག་གཅིག་བྱས་ན་སྒྲུབ་བདེའི་བྱ་བ་ཞིག་རེད་ཟེར་བ་ཡིན། གཅིག་བྱས་ན་ལོ་རྒྱུས་ཞིབ་འཇུག་དེ་སྟབས་བདེའི་བྱ་བ་ཞིག་མིན་ཞེས་པ་ནི་ལྟ་ཚུལ་འགའ་ཞིག་གི་བར་ནས་རང་གི་ལྟ་ཚུལ་འདི་དང་དེ་ཞེས་ངོས་འཛིན་ས་ཞིག་གམ། ཡང་ན་ཕྱོགས་ཀུན་ནས་གཞན་དང་འདྲ་མ་སོང་བར་རང་ལ་ཡང་ཐུན་མོང་མ་ཡིན་པའི་ལྟ་ཚུལ་རེ་ཞིག་ཡོད་པའི་ལམ་ནས་ལོ་རྒྱུས་ཞིབ་འཇུག་ལ་ཁ་ཕྱོགས་རྒྱུ་དེ་དཀའ་བའི་གནད་དོན་ཞིག་ཡིན་པས་ལོ་རྒྱུས་ཞིབ་འཇུག་བྱེད་པ་དེ་དཀའ་མོ་ཞིག་རེད་ཟེར་བ་ཡིན། རེད་དེ་ང་རང་ཉིད་ལྟ་བུར་མཚོན་རྒྱུ་ཡིན་ན། ཉིས་སྟོང་བཅུ་ལོའི་ལོ་མཇུག་སྟེ་རང་ལོ་བཅུ་དགུ་ལོན་ནས་ལོ་རྒྱུས་ལྟ་འགོ་འཛིན་ཟིན་པའི་བཟོ་འདྲ་བསྟོན་ནས་༢༠༡༡ལོར་ཡ་ཐོག་བོད་ཀྱི་བཙན་པོ་ཐོག་མའི་ལོ་རྒྱུས་ལས་འཕྲོས་པའི་དོགས་གླེང་ཞེས་པ་དེ་སྤེལ་བ་ཡིན་ཞིང་། དེ་ནི་བདག་གི་ལོ་རྒྱུས་དཔྱད་རྩོམ་སྤེལ་བ་ཐེངས་དང་པོ་ཡིན། ད་ཐེངས་འདིར་བདུན་ཕྲག་གཉིས་ཀྱི་དུས་ཡུན་ཐུང་ཐུང་ཞིག་གི་སློབ་ཐུན་གྱི་དུས་ཚོད་རེ་ཞིག་བེད་སྤྱད་དེ་བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གལ་ཆེའི་གནད་དོན་འགའ་ཞིག་ལ་བསམ་གཞིག་བྱས་པའི་མཇུག་འབྲས་སམ་ཟིན་ཐོ་འདྲ་པོ་གཅིག་འགོ་འཛིན་ནས་མཇུག་གྲུབ་དགོས་པའི་འགན་ཞིག་བདག་གི་འཕྲག་ཐོག་ཏུ་བླང་བས་ཡིད་ངོར་ལ་དོགས་གཞི་མི་འདྲ་བ་འགའ་བྱུང་བ་དེ་དག་ཕྱོགས་གཅིག་ཏུ་འདིར་རིམ་བཞིན་ཡིག་ཐོག་ཏུ་བཀོད་པ་ནི་འོག་གསལ་ལྟར། དོན་ཚན་དང་པོ། སྤུ་རྒྱལ་སྤུ་རྒྱལ་ཞེས་པའི་ཐ་སྙད་འདིའི་སྐོར་སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར་ལ་ཅུང་ཟད་གླེང་བའི་གཏམ་ཞེས་པའི་བདག་གིས་བྲིས་པའི་དཔྱད་གླེང་ཞིག་གི་ནང་དུ་གསལ་བས་དེར་གཟིགས་པར་མཚལ། བོད་ཆེན་པོའི་བཙན་པོ་གནམ་གྱི་ཁྲི་བདུན་དུ་གྲགས་པ་དག་གི་ལོ་རྒྱུས་དེ་དག་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་ནས་མང་དུ་བྱུང་ཡོད་ལ། དེ་དག་ལས་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་མང་ཙམ་ལས་བོད་རྗེ་གཉའ་ཁྲི་དེ་ཉིད་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས། དམུ་ཐག་དམུ་སྐས་ལས་བྱོན་པས་ལྷ་རིགས་ཡིན་པར་འདོད། སྐུ་མཁར་ཆེན་པོ་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོའི་ཤོག་གྲངས་3ལས་གསལ། ཅེས་བོད་ཆེན་པོའི་སྲིད་འཛིན་ཐོག་མ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་མར་བོད་ཀྱི་བཙན་པོར་བྱོན་པ་གསལ་པོར་ཐེངས་རེ་གཉིས་ཙམ་མིན་པར་ཟབ་རྒྱས་སུ་བསྟན་ཡོད་མོད། དེ་ལྟར་བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གནམ་གྱི་སྐོར་ནི་བོད་ཀྱི་ལོ་རྒྱུས་ལས་བརྩི་འཇོག་བྱེད་དགོས་པའི་དོགས་གཞི་ཡ་མཚན་པོ་ཞིག་ཡིན་པར་སྨོས་མ་དགོས་ཤིང་། སྐབས་འདིར་ཡ་ཐོག་བོད་ཀྱི་བཙན་པོ་ཐོག་མ་གནམ་ནས་བབ་པར་བཤད་པའི་གནམ་དང་། གནམ་གྱི་ཁྲི་བདུན་ཞེས་པའི་མཚན་ཟུར་གྱི་གནམ་ཞེས་པའི་བར་ན་འབྲེལ་བ་ཟབ་མོ་ཞིག་ཡོད་པར་འདྲ། དེ་ལྟར་གྱི་གནམ་འདིའི་སྐོར་སྐབས་འདི་ནས་བདག་གི་ཚོད་དཔག་བྱས་པའི་བསམ་ཚུལ་ཁ་ཤས་ཤིག་བརྗེད་བྱང་དུ་བཀོད་པའི་དབང་དུ་བྱས་ན། བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གོང་གི་གནམ་ཞེས་པ་དེ་འབྱུང་བ་རྣམ་ལྔའི་ནང་ཚན་གྱི་གནམ་ལ་ངོས་འཛིན་དགོས་པ་འདྲ་ཞིག་ཡིན་ཞིང་། དེ་ལ་རིམ་པ་མི་འདྲ་བ་བཅུ་གསུམ་དུ་དབྱེ་ཚུལ་དེ་ཡང་འདི་དང་འདི་ལྟར་ཡིན་ཞེས་ད་བར་ཁོ་བོས་ཀྱང་ཚད་ལྡན་གྱི་ལོ་རྒྱུས་ཕལ་ལས་མཐོང་མྱོང་མེད་པས་སྐབས་ཙམ་ལ་གསལ་ཁ་འདོན་ཐབས་བྲལ་སོང་བས་རེ་ཞིག་མི་འཇོག་ཐབས་མེད་བྱུང་། ཡིན་ཡང་དཔྱད་གསར་རེ་ཞིག་གི་ནང་དུ་ཡར་གཡེན་གཉེན་པོ་བཅུ་གསུམ་གྱི་ས་ལ་ངོས་འཛིན་བྱས་པ་ཡོད་འདུག སྤྱིར་བོན་པའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལས་བྱུང་བའི་གནམ་གྱི་རིམ་པ་དེ་དག་བསྟན་ཚུལ་ཏེ་རིམ་པ་མང་ཉུང་གི་ཐད་ནས་བཤད་ན་རྣམ་གྲངས་བཅུ་གསུམ་དུ་བསྟན་པ་སོགས་ལོ་རྒྱུས་ཕལ་ལས་ཤིན་ཏུ་འདྲ་པོ་ཞིག་ཀྱང་ཡིན་པའི་བཟོ་འདྲ་སྟོན་ཡོད་ཀྱང་གཏོ་པའི་དཔེ་ཆ་བདམས་བསྒྱུར་ཞེས་པའི་ནང་དུ་གནམ་རིམ་པ་བཅོ་བརྒྱད་དུ་ཡང་བསྟན་ཡོད་བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས་ཀྱི་ཁྱད་ཆོས་དཔྱད་བསྡུར་ཞེས་པའི་ཤོག་གྲངས་77ལས་གསལ། ལ། དེ་ལྟར་གྱི་གནམ་རིམ་པ་བཅོ་བརྒྱད་ནི་ཕལ་ཆེར་ལོ་རྒྱུས་ནང་གི་གནམ་རིམ་པ་བཅུ་གསུམ་དུ་བཤད་པ་དེ་དང་འབྲེལ་བ་ཅུང་ཟད་རེ་ཡོད་པའི་ཚོད་དུ་སྣང་། ཡིན་ཡང་། བོན་པོའི་མདོ་སྔགས་སེམས་གསུམ་གྱི་དཔེ་གཞུང་ཕལ་ལས་བསྟན་པའི་གནམ་ཞེས་པ་དེ་ཐེག་པ་རང་རང་གི་འདོད་པའི་ཟབ་མོ་སྟོང་པ་ཉིད་དང་། དེ་ཡུལ་དུ་བྱེད་པའི་ཡེ་ཤེས་གཉིས་ཀྱི་ཆ་ནས་འཇོག་དགོས་པ་འདྲ་ཞིག་ཡིན་ལ། དེ་ལ་རིམ་པ་བཅུ་གསུམ་དུ་བསྟན་པ་དེ་ཉིད་ཕྱིས་བྱུང་གི་བོན་པོའི་འདོད་ཚུལ་ཞིག་སྟེ། དོན་དུ་རིམ་པ་བཅུ་ལས་མེད་པར་བཤད་ཡོད་ཀྱང་མཁས་དབང་དུང་དཀར་པས་པ་དང་ཐུའུ་བཀན་པ་གཉིས་གང་རུང་ཞིག་གིས་དེ་ལྟར་གསུངས་པར་མཐོང་མྱོང་བར་བསམ་ཡང་དཔྱད་གླེང་འབྲི་སྐབས་དངོས་སུ་མིག་གིས་མཐོང་མ་བྱུང་། བོན་པོའི་ཐེག་པ་སོ་སོས་བཞེད་ཚུལ་མ་ཤེས་པའི་རྐྱེན་ཙམ་ལས་གནའ་སྔ་མོ་ནས་གནམ་རིམ་པ་བཅུ་གསུམ་བསྟན་ཚུལ་ཡོད་པར་བཀའ་དང་དེ་ལ་བརྟེན་པའི་གསུང་རབས་མང་ཙམ་ལས་བྱུང་། འདིར་བོད་ཀྱི་བཙན་པོའི་ལོ་རྒྱུས་བསྟན་སྐབས་ཀྱི་གནམ་དང་། དེ་ལ་གནམ་རིམ་པ་བཅུ་གསུམ་དུ་བསྟན་པའི་གནམ་དེ་དག་གོང་དུ་གྲུབ་མཐའ་ཞིག་གི་བལྟ་བྱའི་ཡུལ་དང་། ལྟ་བྱེད་ཡུལ་ཅན་གཉིས་ལ་ངོས་འཛིན་པའི་གནམ་དེ་དང་དོན་གྱི་ཆ་ནས་མི་འདྲ་བ་ཞིག་ཡོད་པ་ནི། བོན་པོའི་མདོ་སྔགས་ཀྱི་གཞུང་ལུགས་གཞི་ལམ་འབྲས་བུ་གཙོ་བོར་བསྟན་བྱ་བྱེད་པ་དག་ལས་བསྟན་པའི་གནམ་རིམ་པ་བཅུ་གསུམ་གྱི་ནང་ནས་གནམ་གྱི་རིམ་པ་བཅུ་གསུམ་དུ་བཤད་པའི་རིམ་པ་བཅུ་གསུམ་པ་དེ་ཉིད་ནི་སངས་རྒྱས་ཀྱི་མཁྱེན་པ་དང་། དེའི་རྟོགས་བྱའི་བོན་སྐུ་སྟོང་པ་ཉིད་དེ་གཉིས་ལས་གཞན་ངོས་འཛིན་ས་མེད་ཅིང་། བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གནམ་རིམ་པ་བཅུ་གསུམ་དེ་ཉིད་དེ་ལྟ་བུ་ཞིག་མིན་པར་གསར་རྙེད་བྱུང་བའི་གནའ་དཔེ་རེ་ཞིག་ལས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་བདུད་ཤེ་ལེ་རུ་ཚེ་བཞུགས་ ༢གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ཀྱི་ཤོག་གྲངས་༡༣ལས་གསལ། ཞེས་པ་དེ་དག་གི་གསལ་བཤད་ཅུང་ཟད་བྱེད་ཐུབ་པ་ཡིན་ལ། དེ་མིན་ལོ་རྒྱུས་ཁྲོད་ཀྱི་གནམ་རིམ་པ་བཅུ་གསུམ་གྱི་ཡོང་གོང་ནས་བྱོན་པའི་གཉའ་ཁྲི་བཙན་པོ་སོགས་ཀྱིས་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་བརྟེན་ནས་ཚོགས་བསགས་སྒྲིབ་པ་སྦྱོང་བར་བཤད་པ་དག་གིས་དཔོག་ཐུབ་པར་འདུག་སྙམ་བྱུང་། དོན་ཚན་གཉིས་པ། བོན་ཆོས་དང་འབྲེལ་བའི་མདོ་སྔགས་ཀྱི་གཞུངས་ལུགས་དག་དང་། བོད་ཀྱི་ལོ་རྒྱུས་ལས་སྒམ་ལྷ་བོ་ལྷ་སྲས་ཞེས་པའི་སྐོར་འདི་མང་དུ་བྱུང་ཡོད་ཅིང་། གནད་དོན་འདི་དག་བོན་དང་བོད་ཞིབ་འཇུག་པ་དག་གིས་དཔྱད་གཞི་རྨད་དུ་བྱུང་བ་ཞིག་ཡིན་པར་སྨོས་དགོས། ཡིན་ཡང་སྒམ་ལྷ་བོ་ལྷ་སྲས་ཀྱི་སྐོར་འདི་དག་སྟབས་བདེའི་ངང་ནས་ཚིག་སྦྱོར་ཐུང་ཐུང་ཞིག་གིས་འདི་ལྟར་ཡིན་དང་མིན་ཞེས་ཐག་གཅོད་བྱེད་པ་ནི་བདག་ལ་མཚོན་ཆེས་དཀའ་ཁག་ཆེ་བའི་གནད་དོན་ཞིག་ཏུ་ངེས། ཤར་རྫའི་ལེགས་བཤད་མཛོད་ལས་བོད་ཀྱི་རྒྱལ་རབས་ལས་གཉའ་ཁྲིའི་ལོ་རྒྱུས་བསྟན་སྐབས་སུ་ལྷ་རི་གྱང་ཐོའི་ཁ་ནས་ཡར་ལུང་སོག་ཀར་བབ། དེའི་ཚེ་སྒམ་ལྷ་བོ་ལྷ་སྲས་གནམ་ནས་བབ་བྱ་བའི་བོད་ལ་ལུང་བསྟན་པའང་བྱུང་ངོ་། །དེ་ཡང་ཐོག་མར་ཕྱུགས་རྫི་འགས་མཐོང་ནས་གང་ནས་འོང་བྱས་པས། གནམ་དུ་འཛུབ་མོ་ཀེར་ཀེར་བྱེད་ཅིང་བགད་པས་ལྕེ་སྟེང་ན་གཡུང་དྲུང་རིས་ཝལ་ཝལ་སྣང་། སུ་ཡིན་བྱས་པས་བཙད་པོ་མི་ཡིན་ཟེར། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་ཤོག་གྲངས་129ལས་གསལ། ཞེས་གསལ་བ་གཞིག་ན་སྒམ་ལྷ་བོ་ལྷ་སྲས་ཞེས་པ་དེ་བོད་རྗེ་གཉའ་ཁྲི་བཙན་པོ་ཡིན་པ་འདྲ་ཞིག་སྣང་རུང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམ་བསྒྲིགས་ཞེས་པ་འདིའི་བྱོལ་གྱི་རབས་ཞེས་པའི་26-27གྱི་བར་ནས། ནང་དུ་སྒམ་ལྷ་བོ་ལྷ་སྲས་ཀྱི་སྐོར་འགའ་བྱུང་ཡོད་ཅིང་། དེ་ནི་རྒྱལ་ཕྲན་སེལ་མའི་དུས་སྐབས་ཀྱི་བོན་པོ་ཞིག་སྟེ། གཏོ་དཔྱད་ལ་མཁས་པའི་མི་སྣ་ཞིག་ཡིན་པར་གསལ་ཡོད། མ་ཚད་གནའ་དཔེ་འདིའི་ནང་དུ་སྒམ་ལྷ་བོ་ལྷ་སྲས་དང་། གཤེན་རབ་མྱི་བོ་སོགས་གཏོ་གླུད་དཔྱད་སོགས་ལ་མཁས་པའི་བོན་པོ་འགའ་ཞིག་གི་མཚན་གནས་མང་ཙམ་གསལ་ཡོད་ལ་གཤེན་རབ་མྱི་བོ་ཞེས་པ་དེ་དང་། སྒམ་ལྷ་བོ་ལྷ་སྲས་གཉིས་སྐབས་འགར་དཔོན་སློབ་ཀྱི་ཚུལ་འཛིན་པའི་སྐབས་བྱུང་ཡོད་པ་འདྲ་ཞིག་ཏུ་བསྟན་ཡོད། དེ་ལྟ་བུའི་ཟབ་གནད་དག་ལ་ཚོད་དཔག་ཞིག་བྱས་ཚེ་གཉའ་ཁྲི་ཁོང་བོད་ཆེན་པའི་རྗེ་བོར་མ་བྱོན་པའི་གོང་ཁོང་གི་མཚན་ལ་སྒམ་ལྷ་བོ་ལྷ་སྲས་ཞེས་འབོད་པ་དང་། དེ་རྗེས་བོད་ཀྱི་བཙན་པོ་མཛད་པས་གཉའ་ཁྲི་བཙན་པོ་ཞེས་གྲགས་པར་སྙམ་ཡང་ངོས་འཛིན་སྟབས་བདེ་མོ་ཞིག་བྱེད་ཐབས་བྲལ། ཡིན་ཡང་། དབུས་བསམ་ཡས་ནས་བན་དེ་མི་གསུམ་གྱི་གཏེར་ནས་བཏོན་པར་གྲགས་པའི་བོན་པོའི་དབུས་གཏེར་ཐེག་པ་རིམ་དགུའི་ལྟ་སྤྱོད་གཙོ་བོར་བསྟན་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་ནང་དུ་ལྷ་བོ་ལྷ་སྲས་དང་། ལི་ཤོ་ཐང་པོ། ལྷེ་ཐན་འཕྲུལ་བོ་ཆེ་དང་། སྒམ་བཙུན་དེ་གསུམ་གྱིས་བསྐོར་བ་དང་། ལྷ་ཕྱག་ལན་སྟོང་བྱས་ནས། ལྷ་རྫས་ཀྱི་མེ་ཏོག་མན་དྷ་ར་བ་ལ་སོགས་མཆོད་པ་སྣ་ཚོགས་པ་མཆོད་དེ་ཞེས་ལྷ་བོ་ལྷ་སྲས་སོགས་སྟོན་པ་གཤེན་རབ་མི་བོའི་མདུན་ནས་དབུས་གཏེར་ཐེག་པ་རིམ་དགུའི་གཞུང་ཐེག་འགྲེལ་མེ་ལོང་དགུ་སྐོར་ཞུ་བ་པོ་གཙོ་གྲས་ཡིན་པར་གསལ། ༥ཀོ་རྒྱལ་དགོན་གྱི་བཤད་སྒྲུབ་འདུས་སྡེའི་དེབ་ཕྲེང་བཞི་པའི་ཤོག་གྲངས་11གི་ངོས་ལས་གསལ། དེ་ལྟར་གྱི་སྒམ་བཙུན་གསུམ་པོའི་ནང་ཚན་ལྷ་བོ་ལྷ་སྲས་འདི་ཉིད་གོང་གི་སྒམ་ལྷ་བོ་ལྷ་སྲས་ལ་གོ་བ་གཞི་བཞག་གི་སྟེང་ནས་བཤད་པ་ཡིན་ན། བོན་ལུགས་ཀྱི་སྟོན་པའི་ལོ་རྒྱུས་གཤེན་ལོ་དང་སྦྱར་ནས་བརྩི་བའི་ལུགས་དེ་དག་དང་ཅུང་ཟད་མི་མཐུན་པ་ཞིག་གི་གནས་ཚུལ་ངང་གིས་འབྱུང་ཞིང་། བོན་སྟོན་གྱི་འཁྲུངས་འདས་ལོ་ཚིག་གཤེན་ལོ་དང་སྦྱར་ནས་བཤད་ཚེ་གཉའ་ཁྲིའི་ཡས་མས་སྟོན་པ་གཤེན་རབས་འདས་ནས་མི་ལོ་སྟོང་ཕྲག་རེ་ཞིག་ཕྱིན་ཟིན་པས་གོང་གི་སྒམ་ལྷ་བོ་ལྷ་སྲས་སྐོར་གྱི་བསྟན་རིམ་དེ་དག་ལོ་རྒྱུས་ཀྱི་འགལ་འདུ་ཞིག་ཏུ་མི་འགྱུར་ཐབས་མེད་ཡིན་སྲིད། ཡིན་ཡང་བདག་གི་དོགས་གཞི་འདི་དག་ལ་ཚོད་དཔག་བྱས་པར་གཞིར་བྱས་ནས་བཤད་ན། ཐེག་རིམ་ལས་བྱུང་བའི་ལྷ་བོ་ལྷ་སྲས་ཞེས་པ་འདི་གོང་ལོ་རྒྱུས་ཀྱི་བསྟན་རིམ་ཁྲོད་ནས་གསལ་བའི་སྒམ་ལྷ་བོ་ལྷ་སྲས་གཉིས་གོ་ས་གཅིག་ལས་མེད་པར་འགྲེལ་འདོད་ཅིང་། ཐེག་འགྲེལ་ལས་བསྟན་པའི་ལྷ་བོ་ལྷ་སྲས་ཞེས་པའི་སྐོར་དེ་བྷེ་རོས་ཐེག་འགྲེལ་བསྒྱུར་བཅོས་ཀྱི་སྐབས་སུ་གནའ་རབས་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་གཏོ་དཔྱད་ལ་མཁས་པའི་སྒམ་ལྷ་བོ་ལྷ་སྲས་དང་། གཤེན་རབ་མྱི་བོ་ཞེས་པའི་སྐོར་གྱི་ལོ་རྒྱུས་དེ་དག་གཤེན་རབ་ཀྱི་ཐེག་པ་རིམ་དགུ་བསྟན་སྐབས་ཀྱི་རྣམ་ཐར་དང་སྦྱར་ནས་སླད་ཞུགས་བཅུག་པ་འདྲ་ཞིག་ཏུ་སེམས། དོན་ཚན་གསུམ་པ། སྐབས་འདིར་དོན་ཚན་གསུམ་པའི་ཁོངས་སུ་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཀྱི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་ཏེ་བོན་ཆོས་ཀྱི་སྐོར་ནས་གནད་དོན་ཁ་ཤས་ཤིག་ཞུ་འདོད་བྱུང་། དེ་ཡང་དང་པོ་དུས་སྐབས་དེར་བོན་གྱི་གྲུབ་མཐའ་ལ་ངོས་འཛིན་ཅི་འདྲ་ཞིག་གནང་གི་ཡོད་མེད་ཀྱི་སྐོར་ནི། ད་ལྟ་ང་ཚོའི་མཐོང་ཡུལ་གྱུར་བཞིན་པའི་བོད་ཀྱི་ལོ་རྒྱུས་ཕལ་ནི་གྲུབ་མཐའི་ཕྱོགས་རིས་ཀྱི་དབང་དུ་སོང་བ་ཞིག་ཡིན་སྲིད་པས་ཚད་ཐུབ་ཀྱི་ཡིད་སྟོན་བྱ་ཐབས་བྲལ། དུས་སྐབས་དེར་སྦ་གསལ་སྣང་སོགས་ཀྱིས་མཛད་པར་གྲགས་པའི་སྦ་བཞད་སོགས་ལ་རགས་རིམ་ཙམ་གཞིག་ཚེ་གང་ས་ཅི་ཐད་ནས་དམ་ཆོས་དང་འགལ་བ་འམ། མི་མཐུན་པའི་བཟོ་འདྲ་མངོན་སྟོན་བྱས་ཡོད་ལ། ཞིབ་པར་བརྟགས་ཚེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྟངས་ཀྱི་ཐད་ནས་མི་འདྲ་བ་འགའ་སྣང་ཡང་དུས་སྐབས་དེའི་བོན་ཆོས་འདི་སངས་རྒྱས་ཀྱི་ཆོས་ལུགས་ཤིག་ཡིན་པ་ནི་སྦ་གསལ་སྣང་གི་སྦ་བཞད་ལས་༢༠༠༩ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་སྦ་བཞད་ཕྱོགས་བསྒྲིགས་ཞེས་པའི་ཤོག་གྲངས་༡༡༡ལས་གསལ། སྤྱིར་སངས་རྒྱས་ཀྱི་ཆོས་གར་བྱུང་བར་མུ་སྟེགས་ཀྱི་འགྲན་ཟླ་རེ་བྱུང་ནས་རྩོད་པ་བྱེད་དགོས་པ་ལས། བོད་ཁམས་སུ་ཆོས་འབྱུང་བ་ལྔ་བརྒྱའི་ཐ་མ་ལ་བབ་པ་ལས་ཆོས་མ་བྱུང་། མུ་སྟེགས་ལ་སོགས་པའི་རྒོལ་བ་མི་འབྱུང་ན། སངས་རྒྱས་པ་ཉིད་ནང་རྩོད་པ་ཉིད་དུ་འགྱུར་ཞེས་གསལ་བ་དང་། དེ་མིན་སྦ་བཞད་ཞབས་བཏགས་མ་ལས་ཡེ་ཤེས་དབང་པོས་སངས་རྒྱས་ཀྱི་ཆོས་གང་དར་བ་དེར། མུ་སྟེགས་ཀྱི་རྒོལ་བའི་དགྲ་དེ་འགྲན་འོང་བ་ཡིན་ཏེ། བོད་ཡུལ་དུ་ལྔ་བརྒྱའི་ཐ་མར་གྱུར་པས་སངས་རྒྱས་ཀྱི་ཆོས་དར་ཀྱང་མུ་སྟེགས་རྒོལ་བ་ནི་མི་འོང་ན། ནང་པ་སངས་རྒྱས་ནང་ལྟ་བ་མ་མཐུན་ནས་རྩོད་པར་འགྱུར་བས་དེ་ཙམ་ན་ངའི་སློབ་མ་ཀ་མ་ལ་ཤི་ལ་བྱ་བ་པཎ་ཏྲི་ཏ་ཆུང་བ་གཅིག་བར་ཡུལ་ན་ཡོད་པ་དེ་ཁུག་ལ་ཆོས་ཕྱོགས་ཀྱི་རྩོད་པའི་ཤག་འདེབས་སུ་ཆུག་ཅེས་རྩོད་པ་ཆོས་ཕྱོགས་སུ་འདུམས་པར་འགྱུར་རོ་སྦ་བཞེད་ཕྱོགས་བསྒྲིགས་ཀྱི་ཤོག་གྲངས་༤༩ལས་གསལ། ཞེས་སྔོན་བྷོ་དྷི་ས་ཏྭའི་ཞལ་ནས་གསུངས་པ་དེ་ཕྱིར་དྲན་དུ་བྱས་ནས་གསུངས་ཡོད་པ་དེ་དག་གིས་བྷོ་དྷི་ས་ཏྭ་སོགས་ཆོས་བློན་གྲགས་ཆེ་བ་དག་གིས་དུས་རབས་བདུན་པའི་བོན་ཆོས་འདི་ཉིད་ནང་ཆོས་སམ། སངས་རྒྱས་ཆོས་ལུགས་སུ་ངོས་འཛིན་གནང་གི་ཡོད་པར་ངོ་སྤྲོད་ཐུབ་པར་འདུག་པས་དུས་རབས་བདུན་པའི་སྐབས་ཀྱི་བོན་ཆོས་འདི་ཉིད་ནང་བསྟན་གྱི་ཆོས་ལུགས་ཤིག་ཡིན་པར་སྨོས་མི་དགོས་པར་གསལ་བཤད་ཐུབ་པ་རེད། སྐབས་དེ་དུས་ཀྱི་བོན་ཆོས་ནི་བོན་ལུགས་སུ་བོན་བསྟན་སྔ་དར། བར་དར། ཕྱིར་དར་གསུམ་དུ་བཤད་པའི་བར་དར་ཞེས་པ་དེ་ཡིན། བར་དར་བོན་བསྟན་གྱི་གྲུབ་མཐའ་དེའི་ངོས་ནས་བཤད་ན་པད་མ་བཀའ་ཐང་ལས་ཐེག་པ་རིམ་དགུ་ཡོད་པར་བཤད་པདྨ་བཀའ་ཐང་གི་ཤོག་གྲངས་༣༨༩ལས་བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིས། ལོ་ཙཱ་རྣམས་ཀྱིས་འགེགས་རེད་བྱེད་བཅུག་པས་ཞེས་གསལ། ཡོད་ལ། སྐྱེ་བ་སྔ་འཕྱིའི་རྣམ་བཞག་ཆ་ཚང་བ་ཞིག་ཡོད་པ་ཡིན་ཞིང་། ད་ཆར་བོན་པོའི་རྟེན་འགྱུར་ཁྲོད་དུ་ཡོད་པའི་རྫོགས་ཆེན་གསེར་ཐུར་ལྟར་ན་སྤྱོད་པའི་ཆ་ནས་ནང་པ་དང་མི་མཐུན་པ་རྒྱལ་པོ་ལ་སྐུ་སྙུང་གིས་ཟིན་པ་ལས། ཤ་བ་རུ་རྒྱས་བྱས་པས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ་གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་སྒྲིག་གི་པོད་༨༨པའི་ཤོག་གྲངས་༡༠ལས་གསལ། ཞེས་ཤ་བ་རུ་རྒྱས་ཀྱི་བོན་སྤེལ་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྟངས་འགའ་ཡོད་པར་བཤད་ཀྱང་། ཤ་བ་རུ་རྒྱས་ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོའི་རྣམ་པ་ཞིག་ཡོད་པ་བོན་པོའི་དཔེ་ཆ་ཕལ་ལས་མཐོང་རྒྱུ་མེད་ཅིང་། གོང་དུ་ལུང་ཚིག་དེ་ལྟར་ཞིག་བྱུང་བ་སོགས་དཔེ་ཆ་དེའི་མགོ་མཇུག་གང་ལ་ལྟས་ན་བོན་པོའི་དཔེ་ཆ་ཚད་ལྡན་ཞིག་ཡིན་མིན་ཡང་དོགས་གནས་ཤིག་ཏུ་ངོས་འཛིན་བྱེད་ཆོག གལ་སྲིད་དེ་ཉིད་བོན་དཔེ་ཚད་ལྡན་ཞིག་ཡིན་པའི་དབང་དུ་བྱས་ན་ཤ་བ་རུ་རྒྱས་ཀྱི་ཆོས་བྱེད་པའི་བོན་པོ་ཡོད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་དེ་ལྟར་སྤེལ་བ་ནི་བོན་པོ་རེ་ཞིག་གི་སྤྱོད་པ་ཡིན་པར་ཤོད་ཐུབ། ཡིན་ཡང་བོན་པོའི་ནང་ཆོས་ཀྱི་ཁྲོད་དུ་ཆོས་ལུགས་གཞན་པའི་སྤྱོད་པའི་ཤན་ཞུགས་ཐེབ་སྟེ་བོན་པོ་རེ་ཞིག་གིས་དེ་ལྟར་སྤྱོད་པ་ཙམ་ཡིན་པས་ཤེས་རབ་སྒྲོན་མེའི་འོད་སྣང་ལས་བོན་པོ་རེ་ཞིག་གིས་རྫོགས་ཆེན་ཉམས་ལེན་བྱས་པ་ཙམ་གྱིས་བོན་པོའི་གྲུབ་མཐའི་ངོས་ནས་རྫོགས་ཆེན་ཉམས་སུ་ལེན་པ་དེས་མཚོན་མི་ཐུབ་པར་བཤད་པ་བཞིན་གྲུབ་མཐའ་དེའི་ལྟ་བ་དང་སྤྱོད་པ་གཉིས་ཀྱི་ནང་གི་སྤྱོད་པ་དེ་འཚེ་བ་ཆོས་སུ་སྨྲ་བའི་སྤྱོད་པར་མཚོན་མི་ཐུབ་པ་ནི། ཡུལ་ཁམས་ཤིག་གི་ཕོ་ཕལ་ཆེར་བསྒྲལ་ཏེ་མོ་ཕལ་ཆེར་སྦྱོར་བའི་རྡོ་རྗེ་སློབ་དཔོན་བྱོན་མྱོང་བར་གྲགས་པའི་ཕྱིར་རྟོག་གི་ཤོག་གྲངས་༡༨༦ལས་གསལ། རྡོ་རྗེ་སློབ་དཔོན་གྱིས་བྱ་སྤྱོད་ཇི་ལྟར་སྤེལ་བ་ཙམ་གྱིས་དམ་ཆོས་ལུགས་ཀྱི་སྤྱོད་པ་དེ་ལྟར་ཡིན་པར་མཚོན་མི་ཐུབ་པ་བཞིན་ཡིན། རྒྱལ་རབས་གསལ་བའི་མེ་ལོང་སོགས་ལ་གཞིག་ནས་བཤད་ན་སྐབས་དེའི་བོན་གྱི་ཐེག་པ་རིམ་དགུ་དེ་ལ་བོན་གྱི་ཐེག་པ་རིམ་དགུ་ཞེས་སྨོས་མེད་ཀྱང་བོན་ལ་རིགས་དགུ་རུ་ཕྱེས་ནས་བཤད་ཡོད་པ་རྒྱལ་རབས་གསལ་བའི་མེ་ལོང་གི་ཤོག་གྲངས་༥༧ལས་བོན་ལ་རིགས་དགུ་རུ་ཕྱེ་སྟེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་པོ་ལ་རིགས་ལྔའོ། དེ་དག་ཐེག་པ་རིམ་དགུའི་ལྟ་སྤྱོད་ཀྱི་ཆ་ནས་རིགས་དགུ་རུ་ཕྱེས་པ་ཞིག་ཡིན་ཞིང་། སྐབས་དེ་དུས་བོན་ལུགས་སུ་གྲགས་ཆེ་བའི་ཐེག་པ་རིམ་དགུ་ནི། མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད་ལས་བསྟན་པ་བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས་ཀྱི་ཤོག་གྲངས་༡༥༨ནས་༢༡༩བར་ནས་གསལ། ལྟར་གྱི་ལྷོ་གཏེར་ཐེག་དགུ་དུ་གྲགས་པའི་ཕྱྭ་གཤེན་སྣང་གཤེན། སྲིད་གཤེན། འཕྲུལ་གཤེན། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན། བླ་ན་མེད་པའི་ཐེག་པ་སོགས་དགུ་ཡོད་པོ་དེ་དག་ཡིན། བོན་ཆོས་བར་དར་དེ་ཉིད་ནུབ་ལ་ཉེ་བའི་སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་བོན་ཆོས་དང་དམ་ཆོས་གཉིས་ཀྱི་བར་ན་འགལ་བ་ཚབ་ཆེན་བྱུང་ཡོད་པ་ནི་བོད་ཀྱི་རྒྱལ་རབས་ཤིག་གི་མིང་ཙམ་ལྡན་པ་ཕལ་ལས་བྱུང་ཤིང་། དོན་དུ་དེ་ལྟར་ཡིན་པར་སྨོས་མེད་ཀྱི་གནས་ཤིག་ཏུ་གྲུབ་ཡོད། ལོ་རྒྱུས་དེ་དག་ལས་བོན་ལུགས་སུ་གྲགས་ཆེ་བའི་ཁོ་པོ་བློ་གྲོས་ཐོག་མེད་ཀྱི་གཏེར་མར་གྲགས་པའི་སྲིད་པ་རྒྱུད་ཀྱི་ཁ་བྱང་ཞེས་པ་དེ་དང་། བན་ལུགས་སུ་གཙོ་ཆེ་བའི་སྦ་བཞད་མི་འདྲ་བ་ཡོད་པ་དག་དེང་རབས་ཞིབ་འཇུག་པ་ཚོའི་ཚད་མཐོའི་དཔྱད་གཞི་ཞིག་ཏུ་གྲུབ་ཡོད་ལ། དཔྱད་གཞི་དེ་དག་ལ་ངོ་མ་བསམ་བློ་རྣལ་དུ་ཕབ་ནས་ལྟས་ཡོང་ན་བན་བོན་ཕྱོགས་རིས་ཅན་དག་གིས་རྩོམ་པ་ཞིག་ཡིན་སྙམ་ཞིང་། གཅིག་བྱས་ན་རྗེས་བཙུན་མི་ལའི་རྣམ་མགུར་གསར་སྒྲིག་དང་བཅོས་བསྒྱུར་བྱས་པ་བཞིན་ལོ་རྒྱུས་འདི་དག་ཕྱིས་སུ་བཅོས་བསྒྱུར་གྱི་ནད་ཚབ་ཆེན་རེ་བྱུང་ཡོད་ཤས་ཆེ། གང་ལྟར་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་ཁྲི་སྲོང་སྐབས་ཀྱི་བན་བོན་འགྲན་རྩོད་སྐབས་བོན་པོ་ཁོ་ནར་རྒྱལ་བར་གསུངས་པ་དང་། སྦ་བཞེད་དུ་གྲགས་པའི་ལོ་རྒྱུས་དག་ལས་བན་དེ་ཁོ་ནར་རྒྱལ་བར་གསུངས་པ་དག་གིས་ལོ་རྒྱུས་འདི་དག་གྲུབ་མཐའ་སོ་སོའི་ཕྱོགས་རིས་ཀྱི་དབང་གིས་གྲུབ་པ་ཞིག་ཡིན་པར་ཤོད་ཐུབ། ཕྱོགས་གཉིས་ཀྱི་ལོ་རྒྱུས་འདི་དག་ལ་གཞིག་ཙམ་བྱས་ན་སྦ་བཞེད་ལས་སྐབས་དེར་བོན་བསྣུབ་དགོས་པའི་རྐྱེན་གཙོ་བོ་བན་བོན་རྣམས་མཐུ་རྩལ་དང་ཤག་འགྲན་བྱེད་སྐབས་བན་ཚོ་རྒྱལ་ཞིང་། བོན་པོ་དག་ཕམ་པར་བྱུང་བས་བོན་བསྣུབ་པར་བཤད་ཅིང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་བོན་བསྣུབ་དགོས་པའི་འབྱུང་རྐྱེན་དེ་ཙམ་མིན་པར་དེ་རྗེས་བན་བློན་རེ་འགའ་ཞིག་གིས་རྒྱལ་པོ་དང་བོན་པོའི་བར་ཕྲ་མ་བྱས་པ་དེ་ཡིན་པར་གསལ་བ་སོགས་རྒྱུ་མཚན་གཞན་པ་རེ་བཀོད་ཡོད་པ་ལ་གཞིག་ན་བོན་བསྣུབ་དགོས་པའི་རྐྱེན་གཙོ་བོ་མཐུན་ཤག་འགྲན་པ་དེ་མིན་པའི་བདེན་དོན་ཅུང་ཟད་རེ་ཡོད་པར་ངོས་འཛིན་པ་ནི་འཐད་བདེན་དུ་སྣང་ཞེས་བོད་ཀྱི་ལོ་རྒྱུས་ལས་བསྟན་པའི་གལ་ཆེའི་གནད་དོན་འགའ་ལ་དཔྱད་ཞིབ་བྱས་པའི་སྐོར་གྱི་ཟུར་གསལ་ཟིན་ཐོའི་སྟོད་ཆའི་མཇུག་བསྡུས་ཟིན་པ་ཡིན།། །།
- ཟིན་ཐོ་གོང་མ།སྙན་ངག་ནི་རྩོམ་པ་པོའི་མཚམ་སྦྱོར་བ་ཞིག
- ཟིན་ཐོ་འོག་མ།བོན་བཤད།
དཔྱད་རྩོམ་སྤེལ་བ་ཡག་པོ་འདུག་། ཐེག་མཆོག་རྒྱལ་མཚན་ནས་།