ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བདག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ། ཁག་དང་པོ། | 2012/8/27 12:46:00

བདག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ།

སྤྱིར་ན་རི་མོའི་སྒྱུ་རྩལ་ནི་ཚོན་གྱི་སྒྱུ་རྩལ། རྩོམ་རིག་སྒྱུ་རྩལ་ནི་ཚིག་སྦྱོར་གྱི་སྒྱུ་རྩལ་ཞེས་ས་ཆེན་པོའི་སྒང་འདིར་སྙན་དབྱངས་ཀྱི་གྲགས་པ་འབར་བཞིན་མཆིས་ཤིང་།  སྙན་ངག་ནི་ཕལ་གྱིས་སྙན་འཇེབས་ཀྱི་རང་གཤིས་ལྡན་པའི་ཚིག་སྦྱོར་ཞིག་ཏུ་ངོས་འཛིན་བཞིན་ཡིན་ཞིང་། སྐུ་ཞབས་གང་ཞུན་ལགས་ཀྱིས་བརྗོད་བྱའི་ཆ་ནས་འཚོ་བའི་ཚུལ་སྣང་ཞིག་དང་། རྗོད་བྱེད་ཀྱི་ཆ་ནས་སྐད་ཆའི་སྒྱུ་རྩལ་ཞིག་དང་། བརྗོད་ཚུལ་གྱི་ཆ་ནས་མཛེས་རྟོག་གི་མཚན་ཉིད་ཅིག་དང་། ཀློག་མཁན་གྱི་ཆ་ནས་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ངག་ཅིག་དང་2004་སྦྲང་ཆར་འདོན་ཐེངས་དང་པོའི་ཤོག་གྲངས་118ལས་གསལ།ཞེས་བཤད་པ་བཞིན་ཁྱད་དུ་འཕགས་པའི་ཁྱད་ཆོས་གཏིང་ཟབ་མོ་ཞིག་ཡིན་དགོས་པར་ངེས། འདི་ནས་སྙན་ངག་གི་ཕྱི་ནང་དང་འབྲེལ་ཡོད་ཀྱི་གལ་ཆེའི་གནད་འགག་རེ་ཞིག་ངོ་སྤྲོད་ཞུ་འདོད་པ་ཡིན་ལ། སྙན་ངག་དང་འབྲེལ་བའི་རྗོད་བྱེད་སྙན་འཇེབས་ཀྱིས་བརྒྱན་པ་དེ་དག་ནི་གཙོ་བོ་སྙན་ངག་གི་ཕྱི་རུ་འབོད་འདོད་པ་ཡིན་ལ། སྙན་ངག་རྩོམ་པ་པོའི་འདུ་ཤེས་དང་། སེམས་ཚོར་གྱི་ཚུར་སྣང་དེ་དག་སྙན་ངག་གི་ནང་ཞེས་བརྗོད་འདོད་པ་ཡིན། དེ་ལྟར་སྙན་ངག་གི་ཕྱི་ནང་ཞེས་ཟེར་ཡོང་དུས་མི་ཡི་བེམ་རོ་ཞིག་དང་། མི་མཚན་ཉིད་དང་ལྡན་པ་ཞིག་སྟེ་རིགས་མི་འདྲ་བའི་སྣང་བརྙན་གཉིས་ངའི་སེམས་ངོས་སུ་ཤར་འོང་ཞིང་། ངས་མུ་མཐུད་དུ་སྣང་བརྙན་དེ་དག་ལ་བསམ་གཞིག་བྱེད་པའི་ཞོར་དུ་འདི་ལྟར་སྙན་ངག་གི་ཕྱི་ནང་ལ་གཞིག་པའི་སྐབས་དེར་སྣང་བརྙན་དེ་དག་ཅིའི་ཕྱིར་ངའི་སེམས་ངོས་སུ་ཤར་འོང་བ་ཡིན་པར་བསམ་བློ་གཏོང་བས་ད་གཟོད་སེམས་ངོས་སུ་ཤར་བའི་སྣང་གཟུགས་དེ་གཉིས་ཀྱིས་སྙན་ངག་གི་ཕྱི་ནང་ལ་མཚོན་ཡོད་པར་རྟོགས་བྱུང་བས་མཚོན་བྱེད་དཔེ་ཡིས་མཚོན་བྱ་དཔེ་ཅན་ལ་མཚོན་སྟངས་གང་འདྲ་བྱས་ནས་མཚོན་པར་གླེང་དགོས་པའི་འདུན་པ་དྲག་ཏུ་སྐྱེས་བྱུང་བས་རེ་ཞིག་ཞུ་འདོད་པ་ཡིན། མ་གཞི་ནས་མི་ཞིག་ཡིན་ཚེ་ཕྱི་རྒྱན་གྱོན་ཆས་དང་མཛེས་ཉམས་སོགས་དགོས་ལ། ནང་གི་གཟུགས་གཞི་དང་སེམས་ཤེས་དེ་དག་དེ་བས་ཀྱང་གལ་ཆེ་བ་ཞིག་རེད། དེ་ལྟར་སྙན་ངག་ནི་ཕྱི་རྒྱན་དགོས་པ་མི་དང་འདྲ་བས་ཚིག་སྦྱོར་གྱི་ལྷུ་ཚིག་སྦྲེལ་སྟངས་དང་། བརྗོད་སྟངས་རྡོ་ཆ་བཙན་སྒྲིག་ལྟ་བུར་བུད་མ་སོང་བར་སྙན་ངག་གི་ཕྱི་ཡི་ཉམས་ཐོན་པ་ཞིག་ཡིན་དགོས་ལ། སྙན་ངག་ནི་མི་དང་འདྲ་བས་རྩོམ་པ་པོའི་འདུས་ཤེས་ཀྱི་འཁྱེར་ཕྱོགས་དང་། སེམས་ཤེས་ཀྱི་འགྱུ་བ་གང་དག་སྙན་ངག་གི་སྲོག་དང་ནང་ཁྲོལ་ལྟ་བུར་ཆག་དགོས་པས་ནང་གི་ཁྱད་ཆོས་ཚང་བ་ཞིག་ཀྱང་ཡིན་དགོས། མཚམས་འདི་ནས་རྩོམ་པ་པོ་གངས་མཚོ་ལགས་ཀྱིས་སྙན་ངག་ནི་བསམ་བློའི་རིག་གནས་ཀྱི་གཙོ་གྲས་ཡིན་སྦྲང་ཆར་2004་འདོན་ཐེངས་དང་པོའི་ཤོག་གྲངས་111ལས་གསལ།ཞེས་ཟེར་བ་ལ་སྐུ་ཞབས་གངས་མཚོ་ལགས། ཅིའི་ཕྱིར་སྙན་ངག་བསམ་བློའི་རིག་གནས་ཀྱི་གཙོ་གྲས་སུ་གྱུར་པ་རེད་ཅེས་པའི་འདྲི་ཚིག་ཅིག་མཆིག་ཉིད་ལ་འབུལ་འདོད་བྱུང་། རེད་དེ། རྐྱེན་གཞན་དབང་ཞིག་གིས་སྐབས་འདིར་སྐུ་ཉིད་ལ་འདྲི་ཚིག་འཇོག་སའི་གོ་སྐབས་མ་བྱུང་བས་ངས་ཚིག་སྦྱོར་དེ་དག་འདི་ལྟར་འགྲེལ་བར་འདོད། སྙན་ངག་ནི་གཙོ་བོ་རྩོམ་པ་པོའི་སེམས་ཁམས་ན་ཡོད་པའི་འཇིག་རྟེན་གྱི་འདྲ་རིས་འགའ་ཞིག་སྙན་ངག་གི་ཚེ་སྲོག་ཏུ་བྱས་ཏེ་སྙན་ངག་པའི་སེམས་ཤེས་ཀྱིས་ཚུལ་མཐུན་གྱི་དང་ལེན་ཡོད་པའི་རྨང་གཞིའི་སྟེང་ནས་སྙན་ངག་སྐྲུན་བཟོ་བྱེད་དགོས་ཤིང་། དེའི་ཕྱིར། སྙན་ངག་འདི་ཉིད་གཙོ་བོ་བསམ་བློ་དང་སེམས་ཤེས་ཀྱི་མོས་མཐུན་ཡོད་ཐོག་ནས་རྩ་བ་རྒྱས་ཡོང་བའི་རིག་གནས་ཤིག་ཡིན་པར་གྱུར་འདུག་པས་སྙན་ངག་བསམ་བློའི་རིག་གནས་ཀྱི་གཙོ་གྲས་སུ་གྱུར་པ་རེད་ཅེས་ངོས་འཛིན་བྱེད་ཀྱི་ཡིན། དེ་ལྟར་ན་དེང་སྐབས་འཛམ་གླིང་གི་རྩོམ་པའི་གར་སྟེགས་ནས་བརྗོད་དོན་མཐའ་སྡོམ་བྱས་བཞག་ན་བླ་མ་ཞིག་ཁྲི་ཐོག་ཏུ་མཚན་དཔེ་ལྡན་བཞིན་བཞུགས་པ་ཙམ་གྱིས་འགྲོ་བ་ཀུན་གྱི་གཙུག་རྒྱན་དུ་གྱུར་རོ་ཞེས་བསྟོད་པ་དང་། ཟོབ་པོ་གྲྭ་རྫུན་ཞིག་གིས་སྐྲ་མ་བྲེག་ནས་རིང་པོར་བཞག་པ་ཙམ་གྱིས་གྲུབ་ཆེན་ཡིན་ཞེས་བསྟོད་པ།  སྤྲུ་སྐུ་རེ་ཞིག་གིས་རྒྱ་མོ་ལ་མགུར་དར་སྒྲོན་པ་ཙམ་གྱིས་བསྟན་འགྲོའི་སྲོག་འཛིན་དུ་བསྔགས་པ་སོགས་ཀྱིས་མཚོན་པའི་སྟོད་རྩོམ་ཉབ་ཉུབ་འགས་གཙོར་བྱས་པ་འགའ་སྟེ། རྩོམ་པོའི་འདུ་ཤེས་དང་། སེམས་ཀྱི་དོན་དམ་པའི་ཁ་ཕྱོགས་དང་བར་ཐག་རིང་ཞིང་། ཁ་བྲལ་བའི་ཚིག་གི་སྦྱོར་བ་རེ་ཞིག་གད་སྙིགས་ནང་གི་བཙོག་རྡུལ་ལྟར་ཉིན་ལྟར་ཆད་མེད་དུ་ཇེ་མང་འགྲོ་བཞིན་ཡོད་པ་དག་ནི་མི་ཞིག་ལུས་སེམས་གྱེས་བྲལ་བྱུང་དུས་མི་རུ་མི་བརྗོད་པ་བཞིན་སྙན་ངག་གི་ནང་ཁྲོལ་མེད་པ་དེ་དག་སྙན་ངག་དུ་བརྗོད་མི་འདོད་ཅིང་། མཚམས་འདི་ནས་ཚིག་སྦྱོར་དེ་དག་སྙན་ངག་གི་གཤེད་མ་དང་། དེའི་རྩོམ་པ་པོ་ནི་སྙན་ངག་གི་བྲན་གཡོག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་སྟེ་དཔལ་དོན་འགྲུབ་རྒྱལ་གྱིས་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་གི་སྣང་བརྙན་གང་ཞིག་ཡིན་ཡང་། རྩོམ་པ་པོའི་ལྟ་བ་དང་དགའ་སྡང་སོགས་ལ་འབྲེལ་ཡོད་ལ། རྩོམ་པ་པོའི་ལང་ཕྱོགས། འཇིག་རྟེན་ལྟ་ཚུལ་འཚོ་བའི་ཉམས་མྱོང་། རིག་གནས་ཀྱི་ཆུ་ཚད་ལ་སོགས་པར་འབྲེལ་བ་དམ་པོ་ཡོད་དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་ཤོག་གྲངས་163-164བར་ནས་གསལ། ཅེས་ཁོང་མི་ཡུལ་ནས་ཞལ་གྱེས་ཟིན་ཡང་སྐད་ཆ་འདི་ལྟ་བུ་ཞིག་ཕྱི་རབས་པའི་པའི་མཐོང་ཡུལ་དུ་བཤམས་སྟོན་བྱེད་དགོས་པར་བྱུང་སོང་བ་རེད་ལ། ན་གཞོན་སྙན་ངག་པ་གྲགས་ཅན་རྒན་ཁྱུང་སྨྱུག་མཛེས་ལགས་ཀྱིས་ཀྱང་དེ་དང་མཐུན་པར་རྩོམ་ཡིག་རེ་བྲིས་ཀྱང་རང་ཉིད་དེའི་སྲོག་ཏུ་ཞུགས་པར་ངེས་ཤིང་། གཞན་རང་ཉིད་དང་ཁ་བྲལ་བའི་རྩོམ་ཡིག་ནི་ནེའུ་ཙོའི་མ་ཎི་ལས་མ་འདས། མདོར་ན་སེམས་ཀྱི་གཡོ་འགུལ་ཏག་ཏག་ལས་བཞུར་ཚེ་དེ་ནི་ཁྱོད་ཀྱི་སྐུ་ཚབ་ངོ་མ་དེ་ཡིན་ཁེར་རྐྱང་གི་རོལ་དབྱངས་ཀྱི་ཤོག་གྲངས་6-7བར་གསལ།ཞེས་དེང་རབས་རྩོམ་པ་པོའི་ཁྱུ་ཚོགས་ལ་གྲོས་འདེབས་སུ་ཕུལ་བ་རེད། སྐབས་འདིར་སྙན་ངག་གི་ཕྱི་ནང་ལ་ཅུང་ཟད་འབྲེལ་བ་ཡོད་པའི་མི་ཞིག་ཡིན་ཚེ་རྩོམ་པ་པོ་དང་ཁ་བྲལ་བའི་རྩོམ་ཡིག་གི་དཔེ་ནེའུ་ཙོའི་མ་ཎི་རུ་བཞག་པ་དེས་དཔེ་ཅན་ལ་མཚོན་ཚུལ་གང་འདྲ་ཡིན་ཞེས་པའི་དྲི་བ་ཞིག་བཀོལ་སྲིད། བདག་གིས་འདྲི་ཚིག་དེ་དག་ལ་གདེང་འཇོག་ཅུང་ཟད་ཟབ་ཙམ་བྱས་ནས་འདིར་ལན་ཞིག་འགོད་དགོས་པའི་དབང་དུ་བྱས་ན། ནེའུ་ཙོའི་ངག་ནས་མ་ཎི་འབྱུང་སྲིད་པ་བཞིན་ཚིག་སྦྱོར་གྱི་ཆ་ཙམ་ནས་བཤད་ན་རང་གྲོལ་ལགས་ཀྱི་ལང་ཚོའི་རྦབ་ཆུ་དང་འདྲ་བ་རེ་འགའ་ནེའུ་ཙོའི་ངག་ནས་འབྱུང་སྲིད་ཀྱང་དེ་དག་ནེའུ་ཙོ་རང་གི་བསམ་སྟངས་ཁ་བྲལ་བ་བཞིན། རང་རྩོམ་རྩོམ་པ་པོ་དང་ཁ་བྲལ་བ་ནི་ནེའུ་ཙོའི་མ་ནི་དང་གཅིག་ཏུ་མཚུངས་ཞེས་བརྗོད་པ་རེད།

རྩོམ་འཕྲོ་མུ་འགོད་བྱ་རྒྱུ་ཡིན།

Re:བདག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ། ཁག་དང་པོ། | 2012/10/4 17:27:53
སྐུ་མགྲོན་sWNa61(སྐུ་མགྲོན)ན་གཞོན་སྙན་ངག་པ་གཤེན་སྨྱུག་ལགས། འདྲི་
རྒྱུ་ཞིག་ལ་སྙན་ངག་ཟེར་ས་བོ་དེ་གང་འདྲ་རེད། ལེགས་བཤད་དང་མགུར་གླུ། བསྟན་བཅོས་ཐ་དག་གི་སྟེང་དུ་སྙན་ངག་ཟེར་བའི་ཁྱད་ཆོས་དེ་ཡོད་དམ། དེ་གནད་འགག་ཆེ་བའི་འདྲི་ཚིག་ཅིག་ཡིན། དེ་མིན་འདྲི་དགོས་རྒྱུ་ར་འདུག་ཀྱང་ད་ལྟ་དེ་ཙམ་ཡིན་རྒྱུ་བྱེད། བོན་གྲོགས་ཤིག་གིས་རྒྱལ་ས་པེ་ཅིང་ནས།
རྩོམ་པ་པོ།:སྐུ་མགྲོན་sWNa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.