རླབས་ཆེན་བསྟན་འགྲོའི་ལྷ་སྐལ་རྣམ་གཉིས།
སྨན་ལྗོངས་གངས་ནས་མཚན་དཔེའི་འཛུམ་བརྒྱ་གྲོལ།།
མཛད་པའི་འཕྲིན་ལས་བསྟན་འགྲོའི་དཔལ་དུ་སྐྱོང་།།
སྲིད་ཞིར་ཕན་བདེའི་སྣང་བ་སྦྱིན་པའི་མགོན།།
རླབས་ཆེན་བསྟན་འགྲོའི་ལྷ་སྐལ་རྣམ་གཉིས་ཡིན།།
མཚན་བཟང་སུམ་ཅུས་སྐུ་ལ་རབ་མཛེས་ཤིང་།
ཕུན་ཚོགས་གསུང་གི་ལེགས་བཤད་ཆར་འཇོ་བའི།།
ཐུགས་ཉིད་ལྔ་ཟུང་མཁྱེན་རྩལ་རྫོགས་པའི་དབང་།།
གང་དེ་འཕྲུལ་ངག་བསྟན་པའི་ཀ་ཆེན་ཟུང་།།
རྒྱལ་གཤེན་སྟོན་པས་བརྒྱད་ཁྲིའི་བོན་འཁོར་བསྐོར།།
སངས་རྒྱས་གཉིས་པས་དེ་ཡི་སྲོལ་ཆེན་འཛིན།།
དུས་ཀྱི་འདྲེན་སྟོན་མཁན་སློབ་ཟུང་གཉིས་ཀྱིས།།
རིང་ལུགས་འཁྲུལ་མེད་སྐྱང་བ་རྨད་དུ་བྱུང་།།
འཁོར་ལོ་གསུམ་གྱི་མཛད་འཕྲིན་གེགས་མེད་པར།།
བརྒྱད་ཅུའི་བགྲང་བྱའི་དཔལ་གྱི་གཏེར་འཛིན་པའི།།
གངས་རིའི་མགོན་པོ་སྐྱབས་རྗེ་མཁན་སློབ་གཉིས།།
སྐུ་ཚེ་ཡུན་ཏུ་བརྟན་པའི་བཀྲ་ཤིས་ཤོག །
༢༠༡༢-༧-༤ཉིན་ཕ་ཡུལ་ནས།
གཏམ་རྒྱུད་ཀྱི་རིན་ཐང་།
ལོ་རྒྱུས་ཀྱི་སྔོན་རོལ་ན།།
གངས་རི་དང་གངས་ཆུ་ལས།།
སྙན་འཇེབས་ཀྱི་རོལ་དབྱངས་མཆེད།།
དེ་ནི་རོལ་དབྱངས་ཏེ། ཕ་སྐད་གཙང་མ་ཡིན།།
ལོ་ཟླ་དང་ལོ་ཟླའི་གོང་།།
སྔོན་བྱུང་གི་རྣམ་ཐར་བཞིན།།
སྦྲ་ནག་ལ་རེ་བཅོལ་ཞུས།།
དེ་ནི་ང་ཚོ་ཏེ། འོད་གསལ་ལྷ་ལས་མཆེད།།
གླིང་བཞི་ཡི་ནུབ་ཀྱི་ཕྱོགས།།
རྒྱལ་བ་ནི་གཤེན་རབ་ཀྱིས།།
འཕྲུལ་ངག་གི་བོན་ཞལ་ཕྱེས།།
དེ་ནི་ཞང་ཞུང་གི བོན་གྱི་ཤེས་རིག་ཡིན།།
སྲིད་གསུམ་གྱི་ཕན་བདེའི་དཔལ།།
རྒྱལ་གཤེན་གྱི་གསུང་བཅུད་ལས།།
རང་སྒྲ་ནི་བོན་གྱིས་སྒྲོག།
དེ་ནི་དབྱངས་ཀྱི་འགྱུར། མ་ཏྲིའི་གཤེན་གླུ་ཡིན།
༢༠༡༢-༦-༢༢ཉིན་ཀོ་རྒྱལ་བཤད་གླིང་ནས།
མཆོད་ཆང་།
ཆང་དང་པོ་སྐྱབས་ཀྱི་བླ་མར་མཆོད།།
མ་འགྲོ་བ་དྲུག་གི་མགོན་སྐལ་དུ།།
དཔལ་མཛད་འཕྲིན་ཉི་བཞིན་རྒྱས་ནས་སུ།།
ཁྱེད་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །
ཆང་གཉིས་པ་དཔོན་ཆེན་བཟང་པོ་མཆོད།།
གོང་དཔོན་པོ་བཀའ་ཁྲིམས་མ་ཉམས་པར།
འབངས་སྡེ་མི་བྱམས་ཀྱིས་སྐྱོང་བཞིན་དུ།
ཁྱེད་ཡུན་དུ་བཞུགས་པའི་ཁ་གཡང་འབོད།།
ཆང་གསུམ་པ་བྱམས་ལྡན་ཕ་མ་མཆོད།།
དྲིན་ཕ་མའི་ལུས་ངག་ཡིད་གསུམ་ལ།
རྐྱེན་འཚེ་བའི་འཇིགས་པ་བྲལ་ནས་ཀྱང་།
དུས་ཀུན་དུ་ནད་མེད་ཚེ་རིང་ཤོག།
ཆང་བཞི་པ་ན་མཉམ་གྲོགས་ལ་མཆོད།
སེམས་མཛའ་མཐུན་གཡུང་དྲུང་རི་མོ་ལས།
དོན་འཚེ་མའི་ཞི་བར་འཚོ་བཞིན་དུ།
གྲོགས་འུ་ཚོའི་ལས་ཀླུང་དར་བར་སྨོན།
༢༠༡༢-༧-༡༠ཉིན་དམར་རི་ནས།
- ཟིན་ཐོ་གོང་མ།བོད་ཀྱི་བོན་སྲིད་ཟུང་འབྲེལ།
- ཟིན་ཐོ་འོག་མ།མེ་ཏོག
འཇལ་བའི་གོ་སྐབས་་དབེན་ན་ཡང།
མྱུར་འཕྲིན་གློག་གི་ལམ་བུ་ནས།
བདེ་མཚམས་གོ་བ་དགའ་སྤྲོ་ཆེ།
བཀྲ་ཤིས་བདེ་ལེགས་
སྦྲ་ཆེན་བས།