ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་བོན་སྲིད་ཟུང་འབྲེལ། | 2012/7/14 13:26:00

བོད་ཀྱི་བོན་སྲིད་ཟུང་འབྲེལ།

འཛམ་བུ་གླིང་གི་བོད་ཀྱི་ཆོས་དང་སྲིད་གཉིས་ཀར་ཞིབ་འཇུག་ཞིག་བྱེད་པ་ལ་འབྲེལ་ཡོད་ཀྱི་བོད་ཀྱི་བོན་སྲིད་ཟུང་འབྲེལ་འདིའི་སྐོར་ལ་གླེང་མོལ་བྱེད་མཁན་འོ་ཅག་བོད་ཀྱི་ཡུལ་གྲུ་འདི་ལ་ལྟ་བུར་མཚོན་ན་སྨྱུག་འཛིན་པ་ཤིན་ཏུ་ཉུང་ཞིང་། བོད་ཀྱི་བོན་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་འདི་ཡང་བཀོལ་སྤྱོད་བྱེད་མཁན་ཤིན་ཏུ་མོད་བསྡད་པ་ལྟ་བུའི་གནས་ཚུལ་དེ་འདྲ་བ་ཞིག་རེད། ཡིན་ཡང་རང་ཉིད་ལ་མཚོན་ན་ཐོག་མར་བོད་ཀྱི་བོན་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་རེ་ཞིག་དེ་སྔོན་ཉིས་སྟོང་བཅུ་གཅིག་ལོར་བོད་ཆེན་པོའི་བོན་དང་སྲིད་ཅེས་པའི་དཔྱད་གཏམ་ཞིག་བྲིས་ནས་དེར་འཁོད་པ་ཙམ་བྱས་ཡོད་ཀྱང་། བོད་ཀྱི་བོན་སྲིད་ཟུང་འབྲེལ་གྱི་སྐོར་ལ་དམིགས་བསལ་གྱི་འགྲེལ་བ་ཞིག་དཔྱད་གཏམ་དེའི་ནང་དུ་བཤད་ཐུབ་པར་བྱུང་མེད། ཡིན་ཡང་སྐབས་དེ་དུས་བདག་གི་སློབ་དཔོན་ཆེན་མོ་རྒན་ཁྱུང་སྨྱུག་མཛེས་ལགས་ཀྱིས་ངའི་དཔྱད་གཏམ་དེ་གྲངས་རེ་ཞིག་བཀླགས་ནས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བོན་སྲིད་ཟུང་འབྲེལ་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་ལྟར་འགྲེལ་མེད་པའི་སྐོར་སོགས་ཀྱིས་གཙོས་པའི་བགྲོ་གླེང་འགའ་གནང་ནས་མཁས་དབང་དུང་དཀར་པས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་དཔེ་དེབ་ཆུང་ཆུང་ཞིག་ཀྱང་ཀློག་པའི་གོ་སྐབས་སྤྲད་སོང་། བྲིས་རྩོམ་དེའི་ནང་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མགོ་ནམ་འཛིན་པ་དང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དུས་ནམ་ཞིག་ཉམས་མགོ་འཛིན་པའི་སྐོར་སོགས་འཁོད་ཡོད་ལ། ཨེན་ཀི་སིས་༡༨༢༠-༡༨༩༥འཇར་མན་གྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་གནང་བའི་གསུང་རྩོམ་དུམ་བུ་ཞེས་པ་ཞིག་ཟུར་དུ་བཀོད་ཡོད། གང་ལྟར་བོན་ཆོས་བར་གྱི་འཐབ་རྩོད་དང་། ཤཱཀྱའི་ཆོས་བོད་ལ་མ་བྱུང་པའི་སྔོན་ནས་བྱུང་བའི་བོན་གྱི་གནས་ཚུལ་སོགས་བྲིས་རྩོམ་སྣ་ཁ་གང་མང་ཞིག་འཁོད་ཡོད་ན་ཡང་། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་དང་འབྲེལ་ཏེ་ཆོས་སྲིད་ཟུང་འབྲེལ་ཞེས་ག་འདྲ་ཞིག་ལ་ངོས་འཛིན་བྱེད་མིན་གྱི་སྡོམ་ཚིག་ཉུང་ཉུང་ཞིག་བྲིས་ཡོད་པ་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡུལ་གྱི་རྒྱལ་པོ་དང་། ཆོས་བདག་གཉིས་ཀ་མི་གཅིག་གིས་བྱས་པ་དེར་ཟེར་བ་དང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་ཤོག་གྲངས་༥་ལས།ཞེས་པ་དེ་རེད། དེ་ནས་མུ་མཐུད་དུ་དེབ་ཆུང་དེའི་མགོ་མཇུག་བར་གསུམ་གྱི་ཚིག་སྦྱོར་ཀུན་གྱི་བསྟན་སྟངས་ལ་དཔྱད་ན་གོང་གི་སྡོམ་ཚིག་ཉུང་ཉུང་མ་དེའི་ནང་གི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་དེའི་ཟུར་གསལ་གྱི་ཆོས་ཞེས་པ་ནི་ཤཱཀྱའི་ཆོས་ལུགས་ཁོ་ན་ལ་ངོས་འཛིན་བྱེད་རྒྱུར་མེད་པར་ཆོས་ལུགས་སྤྱི་ལ་གོ་དགོས་པར་བསྟན་ཡོད་ཅིང་། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བར་རྒྱལ་རབས་ཉི་ཤུ་རྩ་བདུན་རིང་བོད་ཀྱི་ཆབ་སྲིད་དེ་སྒྲུང་། ལྡེའུ། བོན་གསུམ་གྱིས་བསྐྱངས་ཞེས་གསལ་བ་དེར་གཞི་བཟུང་ན་བོད་ཀྱི་ཆབ་སྲིད་དང་བོན་པོའི་ཆོས་ལུགས་གཉིས་ཟུང་འབྲེལ་བྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་སངས་རྒྱས་ཆོས་ལུགས་བོད་ལ་མ་དར་གོང་ནས་བྱུང་ཟིན་ཡོད་པ་ལྟ་བུ་ཞིག་འདུག་རུང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་ཤོག་གྲངས་༨ལས།ཞེས་བོན་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་རྒྱལ་རབས་དེ་དག་གི་རིང་དུ་བྱུང་མྱོང་མེད་པར་བསྟན་ཡོད། དོན་ངོ་མར་དེ་ལྟར་བསྟན་པ་དེ་དག་ནི། དཔྱད་གཞི་གང་ཡང་མེད་པར་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་གནས་ཚུལ་འགའ་རྫུན་བཟོ་བྱས་ནས་རང་འདོད་ཀྱིས་བཙན་འགྲེལ་བྱས་པའི་སྐོར་ཞིག་ཡིན་ངེས། དེས་ན་གཞི་གང་ཞིག་ཟུང་འབྲེལ་ཡོང་བ་ལ་མ་མཐའ་ཟུང་འབྲེལ་ཡོང་རྒྱུ་གཞི་གཉིས་དགོས་ཤིང་། ཟུང་ཞེས་པའི་ཚིག་འབྲུ་དེའི་ནང་དུ་ཆོས་སྲིད་གཉིས་ཡིན་ན་འདྲ། བོན་སྲིད་གཉིས་ན་ཆོག དེ་མིན་འབྲེལ་ཡུལ་གྱི་ཁྱད་གཞི་དང་། དེ་ལ་འབྲེལ་བའི་ཁྱད་བོན་ཟུང་གིས་བསྡུས་པའི་གཞི་གཉིས་ཡན་གྱི་ཤེས་བྱ་འཁོར་འདས་ཀུན་འདུ་ཞིང་། སྤྱིར་འབྲེལ་བ་ཞེས་པ་ནི་ནང་བསྟན་གྱི་ཚད་མའི་གཞུང་ལུགས་དག་གིས་བཞད་པ་ལྟར་ན། འབྲེལ་བྱ་འབྲེལ་བྱེད་གཉིས་རང་བཞིན་གཅིག་ཡིན་པ་དང་། དེ་མིན་འབྲེལ་བྱ་འབྲེལ་བྱེད་གཉིས་གཅིག་ལས་གཅིག་བྱུང་བའི་འབྲེལ་བའི་རིགས་གཉིས་ཀྱིས་ཁྱབ་ཀྱང་། འདིར་ཟུང་འབྲེལ་ཞེས་པའི་འབྲེལ་བ་ནི་དེ་ལས་ཁྱབ་རྒྱ་ཅུང་ཟད་ཟབ་ཙམ་ཡིན་དགོས་ཏེ། དཔེར་ན་ཕོ་མོ་ཟུང་འབྲེལ་དང་། རྒྱ་བོད་ཟུང་འབྲེལ་སོགས་འཇིག་རྟེན་པ་ཕལ་པ་རྣམས་ཀྱིས་འདོད་པའི་འབྲེལ་བའི་རིགས་མང་ཙམ་དེའི་ནང་འདུ་དགོས་པས་ཡིན། དེ་ལྟར་ཟུང་འབྲེལ་ཞེས་པའི་ཟུང་དང་། དེའི་ཟུར་གསལ་གྱི་འབྲེལ་ཞེས་པའི་སྐོར་ལ་འདི་དང་དེ་ཞེས་ངོས་འཛིན་ཕྲན་བུ་ཙམ་རེ་བྱས་པ་ལྟར་གཞི་བཟུང་ནས་བཤད་ན། འབྲེལ་བྱ་དང་འབྲེལ་བྱེད་དེ་གཉིས་ཟུང་འབྲེལ་རེད་ཡོད་མེད་ཟུང་འབྲེལ་ཞེས་པའི་སྐོར་ལ་དཔྱད་པ་ཙམ་ལས་ཟུང་འབྲེལ་གྱི་དོན་ཕར་བོར་ནས་དཀའ་ངལ་ཆེ་བའི་གནས་ཚུལ་གཞན་ཞིག་གི་མགོ་ལ་འཇུ་དགོས་དོན་མེད་ཅེས་མཐའ་གཅིག་ཏུ་ཁས་ལེན་འདོད་པ་ཡིན། དེ་བཞིན་བོད་ཀྱི་བོན་སྲིད་ཟུང་འབྲེལ་དང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས་ཀྱི་འགོ་ནམ་འཛིན་པ་དང་། དེ་ཇི་ལྟར་བྱས་ནས་དར་རྒྱལ་བྱུང་བའི་སྐོར་འདིའི་སྐོར་དཔྱད་གཏམ་གཞན་ཞིག་བྲིས་ཡོད་པས་འདིར་མ་སྤྲོས་སོ།།བཅས་ནི་ཟུང་འབྲེལ་ཞེས་པའི་གོ་དོན་ལ་གཞིག་ནས་བརྟག་དགོས་པའི་མི་ཚད་གཞན་སུ་ཞིག་ཡིན་རུང་ཟུང་འབྲེལ་ཡིན་མིན་ནི་ཟུང་འབྲེལ་གྱི་གོ་དོན་ལ་གཞིག་ནས་ཧ་གོ་དགོས་པ་ནི་བོན་ལུགས་ཀྱི་ཚད་མ་རྣམ་འབྱེད་ལས་ཁྱད་བོན་དེ་ངེས་པ་ལ་ཁྱེད་གཞི་དེ་ངེས་དགོས་པར་གསུངས་པ་ལྟར་ཡིན། སྤྱིར་ཟུང་འབྲེལ་ཞེས་པའི་གོ་དོན་ནི་མི་འདྲ་བའི་ཕྱོགས་གཉིས་མཉམ་དུ་འབྲེལ་བ་བྱུང་བ་དེ་ལ་ཟུང་འབྲེལ་ཞེས་ཟེར་དགོས་པར་བརྡ་དག་དང་ཚིག་མཛོད་ཕལ་མོ་ཆེའི་འགྲེལ་སྟངས་ཤིག་ཡིན། གནད་དོན་དེ་ལ་གཞིག་ན་འབྲེལ་བ་ལ་ཟུང་འབྲེལ་གྱིས་ཁྱབ་ཅིང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ། བོད་ཀྱི་བོན་སྲིད་ཟུང་འབྲེལ་ནི་ཐོག་མའི་མགོ་ནམ་འཛིན་ཁ་ཚོན་གསལ་པོར་གཅོད་དཀའ་ན་ཡང་། བོད་རྒྱལ་གཉའ་ཁྲི་སོགས་ཀྱི་སྐུ་དུས་སུ་བོད་ཀྱི་བོན་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་བྱུང་ཡོད་པའི་མ་ཚད་དར་རྒྱལ་ཤིན་ཏུ་ཟབ་མོར་བྱུང་ཡོད་པའི་བོད་ལ་ཐོག་མར་བོན་དང་གཡུང་དྲུང་གི་བོན་ནི་གཡུང་དྲུང་བོན་པོའི་དཔེ་གཞུང་མང་ཙམ་ལས་འདི་ནས་ཡར་བརྩིས་པའི་མི་ལོ་གཅིག་ཁྲིའི་ཡར་སྔོན་ནས་དར་བར་གསུངས་ཡོད་ཀྱང་ད་ཆའི་ཞིབ་འཇུག་པ་མང་ཙམ་གྱི་ལྟ་ཚུལ་དེ་ལྟར་མིན། ཡིན་ཡང་ང་ཚོས་འདི་ནས་ཤོད་ཐུབ་པ་ཞིག་ལ་བོད་ཆེན་པོའི་ཆབ་སྲིད་ཐོག་མར་དབུ་འཛིན་པའི་དུས་སྐབས་ཏེ་བོད་རྒྱལ་གཉའ་ཁྲིའི་སྐུ་དུས་ནས་འོ་ཅག་གི་བོད་ཁམས་འདིར་ད་ཆར་བོན་པོ་ཚོས་སྤྱོད་བཞིན་པའི་མདོ་སྔགས་སེམས་གསུམ་ཆ་ཚང་ཞིག་དར་ཞིང་། བོད་ཀྱི་བོན་སྲིད་ཟུང་འབྲེལ་གྱི་ཐོག་མའི་མགོ་དེ་ནས་འཛིན་པ་རེད། དེའི་མི་ཚད་སྐབས་དེའི་བོན་ལུགས་ནི་ཆོས་ལུགས་ཤིག་ཡིན་པའི་དབང་དུ་བྱས་ན་སྐབས་དེ་དུས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་དུས་སྐབས་ཤིག་ཡིན་པར་ངོས་འཛིན་བྱ་བ་ཡིན། ཨེན་ཀེ་སིས་འཇར་མན་གྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་གནང་བའི་གསུང་རྩོམ་ཞེས་པའི་ནང་དུ་ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི་ཡུལ་དང་ཆོས་བདག་གཉིས་ཀ་མི་གཅིག་བྱས་པ་དེ་ལ་ཆོས་སྲིད་ཟུང་འབྲེལ་གྱི་དོན་དུ་ངོས་འཛིན་གནང་ཡོད་ཀྱང་། མདའ་སྨྱུག་པས་སྐབས་འགར་ཚན་རིག་པ་ལས་ཆོས་ལུགས་པ་ཚོ་ཞིབ་ཆ་ཆེ་ཞེས་གསུངས་པས་བཞིན་སྐབས་འགར་ནུབ་གླིང་མཁས་པ་ཚོས་གོ་བདེ་ཞིང་། ཚིག་མཛེས་ལ། ཉན་རིན་ཡོད་པའི་གཏམ་བརྗོད་འགའ་གླེང་རྒྱུ་ཡོད་ཀྱང་། ནང་བསྟན་གྱི་གཞུང་ལུགས་སྨྲ་བ་དག་གིས་རྣམ་མཁྱེན་མ་ཐོབ་བར་དུ་ནོར་འཁྲུལ་ཡོད་སྲིད་ཅེས་ཞལ་གཅིག་མཐུན་དང་ཁ་གཅིག་གྲགས་མཛད་བཞག་པས་ནུབ་གླིང་གི་མཁས་པ་ཚོས་བཤད་ཚད་ཐམས་ཅད་ནོར་འཁྲུལ་མེད་ཅེས་སུ་ཞིག་གིས་ངོས་འཛིན་གནང་མི་འོས་པས་གོང་གི་གསུང་བཤད་དེ་ལ་ཡིད་ཆེས་དང་དད་མོས་སྐབས་འདིར་བདག་གི་བྱེད་མི་ཐུབ་པར་སྨྲ་བ་ཡིན།

སློབ་གྲྭའི་ངལ་གསོའི་སྐབས་བྲེལ་འཚུབ་ཀྱི་བར་གསེང་དུ་༢༠༡༢-༧-༡༠ཉིན་འབྲོག་ལྷས་ཀྱི་གྲུ་ཟུར་ནས།

Re:བོད་ཀྱི་བོན་སྲིད་ཟུང་འབྲེལ། | 2012/7/17 7:11:06
སྐུ་མགྲོན་N63Ul8(སྐུ་མགྲོན)འཕྲིན་པའི་རྒྱུད་ནས་འདྲིས་པའི།།
རྒྱང་རིང་སམཐའི་གྲོགས་པོ།།
དོན་གྱི་སེམས་གཏམ་བསྣམ་བཞིན།།
འདི་ན་ཕེབས་པར་དགའ་ཡོད།།
ཟིན་བདག་གིས།
རྩོམ་པ་པོ།:སྐུ་མགྲོན་N63Ul8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་ཀྱི་བོན་སྲིད་ཟུང་འབྲེལ། | 2012/7/16 21:31:36
སྐུ་མགྲོན་K51Riu(སྐུ་མགྲོན)གཞན་ལ་སྡང་བར་མེད་པའི་དཔྱད་རྩོམ་དང།
རང་ལ་འུད་སྟོད་མེད་པའི་སྙན་རྩོམ་དང།
དྲང་བདེན་ལམ་ནས་འགྲོ་བའི་ལྷུག་རྩོམ་གསུམ།
དེ་གསུམ་དགོས་པ་བོད་པའི་ལ་རྒྱ་ཡིན།
སྦྲ་ཆེན་བས
རྩོམ་པ་པོ།:སྐུ་མགྲོན་K51Riu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.