དྲིས་ལན་གཏམ་བཤད་དང་། སློབ་གསོ་ཟུར་གླེང་།
ཉེར་ཆར་རང་གཉེར་ཟིན་བྲིས་ཤིག་གི་ནང་དུ་དཔྱད་མཆན་པ་གཅིག་གིས་དྲི་བའི་ཚུལ་དུ་ཡོད་པའི་གཏམ་བརྗོད་རེ་ཟུང་ཞིག་གནང་འདུག་པའི་གཏམ་ལན་གྱི་ཚུལ་དུ་ཚིག་གི་སྦྱོར་བ་རེ་ཞིག་སྡེབ་ཙམ་བྱ་བ་ལ། དེང་སྐབས་ཤེས་རྟོགས་ཅན་གྱི་མི་སྣ་དག་གིས་སློབ་གསོ་སྤྱི་དང་། ལྷག་ཏུ་དགེ་རྒན་དང་སློབ་མ་སོགས་ཀྱི་གནས་ཚུལ་དང་འབྲེལ་བའི་བགྲོ་གླེང་དང་གཏམ་བཤད་དུ་མར་གནང་བཞིན་ཡོད་པ་དག་གིས་མི་རིགས་རིག་གནས་གོང་འཕེལ་འགྲོ་མིན་གྱི་ཐད་ལ་ནུས་ཚད་ཅི་འདྲ་ཞིག་ཐོན་གྱི་ཡོད་མེད་ཀྱི་སྐོར་དེ་ཁྱེད་ཀྱི་དྲི་བ་དང་པོ་རེད། དེའི་ཐད་ནས་ངས་བསམ་གཞིག་འགའ་ཞིག་བྱེད་མྱོང་ཡོད། སྤྱིར་ན་སློབ་གསོ་ནི་མི་ཞིག་ལ་མཚོན་ན་མི་ཚེའི་གོ་རིམ་གྱི་ཕྲེང་བའི་ཁྲོད་དུ་མདོ་འཛིན་གྱི་ཚུལ་དུ་ཡོད་པ་ཞིག་ཡིན་ལ་མི་གཞིའི་སྙིང་སྟོབས་ཀྱི་ཤོག་གྲངས་༡༢༨་ལས་གསལ། ཞེས་གདམས་པ་བཞིན་སློབ་གསོ་ཞེས་པ་ནི་བྱ་བ་གང་ཞིག་ལེགས་འགྲུབ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཏུ་ངོས་འཛིན་འོས། དེ་ཡང་སློབ་གསོ་ཙམ་གྱི་ཁྱབ་ཁོངས་སུ་འཇིག་རྟེན་པའི་སློབ་གསོ་དང་། ཆོས་ལུགས་པའི་སློབ་གསོ། ཡང་ན། དེང་སྐབས་སུ་རྟོག་སད་པའི་མཚན་འཛིན་པ་དང་གིས་གླེང་བཞིན་པའི་བྲན་ཁོལ་སློབ་གསོ་དང་། རང་དབང་སློབ་གསོ་སོགས་ཀྱིས་གཙོས་པའི་སློབ་གསོའི་ཆ་ཤས་མི་ཉུང་བ་ཞིག་འདུས་ཡོད། དེའི་ནང་དུ་ད་ལྟ་དྲི་བ་འདོན་མཁན་གྱིས་གསུང་རྒྱུ་ནི་ཤེས་རྟོགས་ཅན་གྱི་མི་སྣ་དག་ལས་བྱུང་བའི་སློབ་གསོ་དང་། ཡང་ན་དགེ་རྒན་དང་སློབ་མའི་བར་གྱི་གནས་ཚུལ་ནས་འཕྲོས་པའི་སློབ་གསོ་དེ་དག་གི་སྐོར་རེད། དེ་ལྟ་བུའི་སློབ་གསོའི་ངོས་ཐད་ནས་བཤད་པ་ཡིན་ན། དེང་གི་ཆར་ཕལ་ཆེར་དགེ་རྒན་དང་སློབ་མ། དེ་བཞིན་ཤེས་ཡོན་ཅན་གྱི་མི་སྣ་ཞིག་ཡིན་ཕྱིན་ཆད་མི་རིགས་ལ་ཤ་ཞེན་མེད་མཁན་ཞིག་སྲིད་དཀའ་བའི་གནས་སུ་མཐོང་། དེའི་ཕྱིར་ཁོང་ཚོ་ལས་བྱུང་བའི་སློབ་སྟོན་དང་སློབ་གསོ་ནི་མི་རིགས་གནས་གོང་འཕེལ་དུ་འགྲོ་བར་རྩ་བའི་ཆ་རྐྱེན་དུ་གྱུར་བའི་སློབ་གསོའི་ཕྱོགས་སུ་ཆེས་ཁྱབ་རྒྱ་ཆེ་བའི་ཚད་དུ་ཡོད་ཅིང་། མི་རིགས་ཀྱི་རིགས་གནས་གོང་འཕེལ་དུ་འགྲོ་མིན་ནི་གཙོ་བོ་བྲན་ཁོལ་སློབ་གསོ་དང་། རང་དབང་སློབ་གསོ་གཉིས་ཀྱི་ནུས་ཚད་ཅུང་ཙམ་ཆ་མི་སྙོམས་པར་བྱུང་བའི་གནས་དོན་ལ་ཐུགས་ཡོད་པ་ནི་མི་རིགས་ཀྱི་རིག་གནས་གོང་འཕེལ་དུ་སོང་མ་སོང་བར་གྱི་ད་ལྟའི་མི་རིགས་གཉིས་སམ་། ཡུལ་གྲུ་གཉིས་ཀྱི་མི་རིགས་རིག་གནས་ཀྱི་སྐོར་ལ་ཚོད་དཔག་ཞིག་བྱས་ན་ཤེས་སྲིད། མི་རིགས་ཀྱི་རིགས་གནས་ཡར་རྒྱས་གོང་འཕེལ་དུ་སོང་མ་སོང་གི་མི་རིགས་གཉིས་ནི་ནང་གི་སེམས་དང་འདུ་ཤེས་ལྡན་པའི་མི་རིགས་ཤིག་ཡིན་པ་འདྲ་ཞིང་། ཕྱི་ཡི་སྐད་ཆ་སྨྲ་ཤེས་མིན་དང་ཁ་བརྡ་བྱེད་ཤེས་ཡིན་མིན་ཡང་གཅིག་མཚུངས་རེད། རྒྱུ་མཚན་ནི་མི་རིགས་ཤིག་ཡིན་ནས་བཟུང་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་དེ་ཚང་དགོས་པས་ཡིན། ཡིན་ཡང་དེ་གཉིས་ཀྱི་ཐད་ནས་མི་རིགས་རིག་གནས་གོང་འཕེལ་དུ་སོང་མ་སོང་གི་ཁྱད་པར་རྒྱ་ཆེན་པོར་ཡོད་ཅིང་། དེའི་གནད་རྩ་གཙོ་བོ་ནི་ཚོར་འདུའི་དྲན་ཁ་མྱུར་མི་མྱུར་དང་། བློ་ཡི་རྣམ་རིག་ཡག་སྡུག་གང་ཡང་མིན་ཞིང་། དེ་ནི་གཙོ་བོ་སློབ་གསོ་ཞིག་གིས་མི་རིགས་དེའི་ནང་གི་སེམས་སྟངས་དང་། འདུ་ཤེས་བསྒྱུར་བཅོས་གཏང་ལུགས་ཡག་རྩོག་གིས་དེ་ལྟར་གྱུར་སོང་བ་རེད། ཟླ་ཟེར་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། ཀན་ལྷོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་བའི་ཆེད་དེབ། དུས་དེབ་ནང་དུ་གལ་ཏེ་འདུ་ཤེས་མ་འགྱུར་ན་མི་རིགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞབས་འདེགས་ཁ་ཕྱོགས་གཏན་འཁེལ་བྱེད་མི་ཐུབ་ལ་སློབ་གྲྭའི་འཕེལ་རྒྱས་ཀྱི་གོམ་ཁ་འདེགས་དཀའ་ཞེས་འཁོད་པ་བཞིན་མི་རིགས་རིག་གནས་གོང་འཕེལ་དུ་འགྲོ་བ་ལ་མི་རིགས་ཀྱི་འདུ་ཤེས་དང་བསམ་བློ་སོགས་སྔར་དང་མི་འདྲ་བའི་བསྒྱུར་བཅོས་ཐུབ་དགོས་ལ། དེ་བསྒྱུར་བཅོས་བྱེད་པ་ལ་གཙོ་བོ་ཤེས་ཡོན་ཅན་གི་མི་སྣ་ཞིག་གི་སློབ་གསོ་ལ་བརྟེན་དགོས་པས་། ཤེས་རྟོགས་ཅན་གྱི་མི་སྣ་རྣམས་དང་། ཡང་ན་དགེ་རྒན་དང་སློབ་མའི་བར་ནས་བྱུང་བའི་སློབ་གསོ་དེ་དག་གིས་མི་རིགས་རིག་གནས་གོང་འཕེལ་དུ་འགྲོ་བའི་རྐྱེན་བཟང་པོ་ཞིག་འདེམ་ཆོག་ལ། མི་རིགས་རིག་གནས་གོང་འཕེལ་དུ་འགྲོ་བ་ལ་ནུས་ཚད་ཀྱང་བརྗོད་དུ་མེད་པ་ཞིག་ཐོན་གྱི་གདའ་ཞེས་ལན་འདེབ་པར་འདོད། ད་ནས་ཁྱོད་ཀྱི་དྲི་བ་ཟེར་ན་འདྲ་བསྐུར་མ་ཟེར་ན་ཡང་ཆོག གང་ལྟར་དགེ་རྒན་དང་སློབ་མའི་བར་གྱི་གནས་ཚུལ་དང་འབྲེལ་གཏམ་བའི་གླེང་ཞིག་བྱ་རྒྱུའི་གོ་སྐབས་སྤྲད་པའི་ས་མིག་གི་སྟོང་ཆ་ལྟ་བུ་ཁ་བསྐང་སྤྱད་ཀྱི་ཚུལ་དུ་སྐད་ཆ་རེ་ཟུང་བཤད་དགོས་རྒྱུ་དེ་རེད། ངས་འདི་ནས་ཕྱིར་རང་ཉིད་ལ་བསམ་གཞིག་རེ་བྱས་ཚེ་རང་ཉིད་སློབ་མའི་ཚུལ་འདྲ་པོ་བཟུང་ནས་ཕར་ཆེར་ལོ་ངོ་བཅུ་ཕྲག་གཅིག་གི་ལྷག་སོང་ཟིན་ཐོག་མར་ཀ་ཁ་སློབ་པའི་སྒོ་ཞུགས་པ་ནས། པའི་ཚོད་འདྲ་པོ་ཞིག་སྣང་གི་གདའ། ཡིན་ཡང་དྲང་མོ་བཤད་ན་སློབ་གྲོགས་དང་དགེ་རྒན་ཕན་ཚུན་དབར་ཁ་བརྡ་དང་བགྲོ་གླེང་གི་ཚུལ་དུ་གཏམ་བཤད་རེ་ཞིག་བཤད་མྱོང་བ་ལས་སློབ་ཁྲིད་ཅིག་བྱེད་པའི་བྱ་བ་དངོས་སུ་ཞུགས་ནས་དུས་ཐུང་ཐུང་ཙམ་ཟླ་བ་གཉིས་གསུམ་ལས་བརྒལ་མེད། དེ་ཕྱིར་སྐབས་འདི་ནས་དགེ་རྒན་དང་སློབ་མའི་གནས་ཚུལ་ལས་འཕྲོས་པའི་སྐད་ཆ་ཅིག་བཤད་བཞག་ན་ཅུང་ཟད་སྤོབ་པ་ཟབ་སོང་བའི་བཟོ་ལྟ་འདྲ་པོ་དོད་ཉེས་ཆེ། འོན་ཀྱང་རང་འགན་རང་གིས་བསྒྲུབ་དགོས་པ་ལས། གཞན་སུ་ཞིག་གིས་བསྒྲུབ་སྙམ་པའི་བསམ་བློ་ཞིག་གིས་རྐྱེན་བྱས་ནས་དྲྭ་བའི་འགྲམ་གྱི་ཀློག་པ་པོ་བདག་གི་ཟིན་བྲིས་ལ་དོན་གཉེར་མཛད་མཁན་གྱི་དྲྭ་གྲོགས་ཤིག་ལ། མཆོག་ཉིད་ཀྱིས་གཙོས་པའི་དོན་གཉེར་ཅན་རྣམས་ལ་རེ་ཞིག་ཞུས་ན། ནང་བསྟན་གྱི་གཞུང་ལུགས་གཤེན་སྟོན་གྱི་ལམ་རིམ་དང་། ས་པཎ་གྱི་མཁས་འཇུག་སོགས་ལས་དགེ་རྒན་དང་སློབ་མ་ཚོའི་ཚད་གཞི་འདྲ་ཞིག་བཞག་སྟེ་སློབ་མ་དགེ་རྒན་གཉིས་ཀར་ཚད་གཞི་འདི་དང་འདི་ལྟ་བུ་ཞིག་ལྡན་དགོས་པ་དང་། དེ་མ་ལྡན་ན་སློབ་མ་དང་དགེ་རྒན་ཡིན་པར་བརྗོད་དཀའ་ཚུལ་སོགས་ཀྱི་རྣམ་པ་ཟབ་མོར་བསྟན་ཡོད། དེ་ནི་གཙོ་བོ་ཆོས་ལུགས་པའི་བླ་མ་དང་སློབ་མའི་བར་གྱི་གནས་ཚུལ་གྱི་རྣམ་བཤད་ལས་འཕྲོས་པ་ཞིག་ཡིན་ཞིང་། དོན་དུ་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་སུ་ཁྱབ་པའི་དགེ་རྒན་དང་སློབ་མ་གཉིས་ལ་མཚན་ཉིད་ཅི་འདྲ་ཞིག་ལྡན་དགོས་ཞེ་ན། འཇར་མན་གྱི་མཁས་པ་མར་ཁུ་སེ་ཝེར་༡༨༦༤-༡༩༢༠གྱིས་རང་འགན་ལེགས་བསྒྲུབ་བྱེད་དགོས་པར་ཤེས་སུ་བཅུག་པ་ནི་དགེ་རྒན་གྱི་མཛད་རྗེས་ཡིན་འཇིག་རྟེན་ལ་འཇུག་པའི་བློ་སྦྱོང་69ལས། ཞེས་གསུང་མོལ་གནང་བ་དེ་ལྟ་བུ་ལ་ཆ་མཚོན་ན་སློབ་མར་སློབ་གསོ་ཐོན་མིན་ནི་དགེ་རྒན་གྱི་འགན་འཁྲི་ཞིག་ཏུ་བཞག་ཡོད་ལ་དཔེར་ན་རང་འགན་ལེགས་བསྒྲུབ་ཞེས་པའི་ཚིག་འབྲུ་ཉུང་ཉུང་མ་དེའི་ནང་དུ་རང་འགན་ཞེས་པ་ནི་སློབ་མ་རྣམས་ལ་ཡོད་པའི་རང་འགན་ལ་ཟེར་ཞིང་དེ་ནི་སློབ་པ་མཐར་སོན་བྱེད་རྒྱུའི་འོས་འགན་དེ་ཡིན། མ་གཞི་སློབ་མའི་རང་འགན་དེ་གཅིག་པུ་ལ་མཚོན་ན་ཆེ་ཆུང་ཕྲ་རགས་དུ་མ་ཡོད་པའི་ནང་གི་བྱིས་པ་ཚོས་བསླབ་བཞིན་པའི་ཤོག་བུའི་མཁའ་གྲུ་དང་། བྱ། ཆུ་གྲུ་སོགས་བཟོ་བའི་ལག་རྩལ་ཡང་ཤེས་པར་བྱེད་རྒྱུས་མཚོན་པའི་དེ་ལྟའི་ཤེས་བྱ་ཆུང་ཕྲའི་རིགས་ཀྱང་གོང་དུ་འཁོད་པའི་རང་འགན་ཞེས་པའི་ནང་དུ་གཏོགས་ཆོག དེ་བཞིན་ཤེས་བྱའི་རྣམ་གྲངས་ཤིག་ཡིན་ནས་བཟུང་སློབ་ནས་ཤེས་ཐུབ་པར་བྱེད་རྒྱུ་དེ་ཡང་སྐབས་འདིའི་རང་འགན་གྱི་ཁོངས་སུ་འདུ། དེ་ལྟར་གྱི་རང་འགན་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་ལེགས་འགྲུབ་བྱུང་བར་བྱེད་པ་ནི་སློབ་མའི་འགན་འཁྲི་ཞིག་ཏུ་ཅིས་ཀྱང་གྱུར་ཡོད། སློབ་མ་དང་དགེ་རྒན་གང་འདྲ་ཞིག་ཡིན་རུང་། གཙོ་བོའི་འགན་འཁྲི་ནི་འཆན་ཉན་གྱི་ལམ་ནས་གོམ་པ་ཚུལ་མཐུན་གྱིས་སྤོ་རྒྱུ་དེ་ཡིན་ཞིང་། དགེ་རྒན་ཞིག་ལ་མཚོན་ན་ཕྱོགས་དང་རིས་སུ་མ་ཕྱེ་བར་དགའ་དད་སྤྲོ་གསུམ་གྱིས་འཆད་དགོས་པ་དང་། དེ་བཞིན་སློབ་མའི་མིང་འཛིན་པ་ཞིག་ཡིན་པ་ཙམ་གྱིས་སྦྱང་བྱའི་རིག་གཞུང་ལ་དད་མོས་ཀྱི་ངང་ནས་སྦྱང་བྱ་ཚུལ་ལེན་བྱེད་རྒྱུ་ནི་དགེ་སློབ་གཉིས་ཀའི་མ་ནོར་བའི་བྱ་བ་བཟང་པོ་ཞིག་ཏུ་འདེམ་ཆོག་སྟེ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་འཆད་ཉན་བསྟན་པའི་ལེའུ་ལས་ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། བདག་གཞན་མེད་པར་ཐུགས་རྗེས་བཤད། ཟད་པ་མེད་པའི་དགའ་བ་ཡིས། སྤྲོ་བ་བསྐྱེད་པའི་ཐུགས་རྗེས་བཤད། ཅེས་དང་། གང་ཞིག་ཉན་པའི་གཤེན་རབ་ཀྱིས། ཚད་མེད་ངང་ལ་རྒྱུན་ཞུགས་ཤིང་། ལུས་ངག་ཡིད་ཀྱིས་གུས་བཏུད་ནས་ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །ད་དུང་རང་ཉིད་ཀྱི་འདོད་མོས་དང་བསྟུན་ཏེ་བཤད་ན། མི་གཞིའི་སྙིང་སྟོབས་ལས་ཤེས་ཡོན་ཅན་གྱི་ལེགས་བཅོས་སྐོར་གླེང་བ་ཞེས་པའི་ནང་དུ། སྤྱི་གཞུང་དོན་ཁུར་ཡོད་པ་དང་། སྤྱི་ལ་འགན་ཁུར་བ། རྒྱུ་འབྲས་བློ་མིག་ཆེ་བ། དགག་སྒྲུབ་འདུ་ཤེས་ལྡན་པ་ཞེས་ཚང་དགོས་པའི་དོན་ཚན་བཞི་བསྒྲོན་པ་དག་ནི་དུས་རབས་འདིའི་དགེ་རྒན་དང་སློབ་མ་རྣམས་ལ་ཡོད་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་པར་འདོད་ཅིང་། ཚང་དགོས་པའི་ཆ་རྐྱེན་ནི་དུས་ནམ་ཡང་ཚང་དགོས་པ་རང་ཡིན་པས། དེ་མ་ཚང་པའི་མི་བུ་དག་ནི་དགེ་རྒན་དང་སློབ་མའི་གྲལ་དུ་འཇོག་པ་ནི་རྐང་ཆག་མིག་ཞལ་གྱི་དཔེ་བཞིན་དུ་གྱུར་པས། མཚན་ཉིད་ལྡན་པའི་དགེ་རྒན་དང་སློབ་མ་ཞིག་ནི་ཅིས་ཀྱང་བརྗོད་ཐབས་བྲལ། དེ་ལྟ་བུའི་དགེ་རྒན་དང་སློབ་མ་ནི། ཕྱོགས་འཛིན། ང་རྒྱལ། རང་མཐོ། ཀླད་མེད། ཨ་མ་མིན་པ་ངོ་མི་ཤེས། སྒོ་གདན་མིན་པར་གོམ་པ་སྤོ་མ་མྱོང་བ་ཞེས་པའི་ཁ་དཔེ་བཞིན་དུ་གྱུར་ཡོད་པ་ཤ་ཏག་ཏུ་ངེས། རྒྱུ་མཚན་ནི་དགེ་རྒན་ཞིག་ཡིན་པ་ནས་བཟུང་། ཕྱོགས་འཛིན་དང་། རང་མཐོ། ང་རྒྱལ་སོགས་ནི་སྤང་བྱ་ཞིག་ཏུ་ངོས་འཛིན་ཞིང་། རེ་མིད་ཀྱི་འདུ་ཤེས་དང་། ཀུན་ལ་བྱམས་པའི་སྙིང་རྗེ་སོགས་ནི་སྤྲོ་བཞིན་བླང་བྱའི་གྲལ་དུ་གདམ་འཚོལ་བྱེད་པའི་རང་གཤིས་དང་ལྡན་པ་ཞིག་མིན་ཚེ་ཤེས་བྱའི་རྣམ་གྲངས་རེ་ཞིག་ངོ་སྤྲོད་ཤེས་པ་ཙམ་གྱིས་དགེ་རྒན་ག་ལ་འགྱུར། སློབ་མ་ཡང་དེ་བཞིན་ཏེ་སྦྱང་བྱའི་རིག་གནས་དེ་དག་ཤ་ཞེན་དང་། མོད་འདུན་ཡོད་པའི་ངང་ནས་ཚུལ་ལེན་དགོས་པ་ལྟ་བུའི་འདུ་ཤེས་ཅན་ཞིག་མིན་ཚེ་སློབ་པའི་སྒོ་ལ་ཞུགས་ཚད་ཐམས་ཅད་སློབ་མ་རུ་ཁས་བླང་བཞག་ན་མི་ཚེ་གཅིག་གི་རིང་དུ་ཀ་ཁའི་ཤོག་ལྷེབ་གཅིག་ཙམ་ལས་ལྟ་མྱོང་མེད་པའི་བླུན་པོ་འུ་ཐུག་ཐབ་ཟད་དག་ཀྱང་དཔེ་ཆ་བ་ཞེས་བརྗོད་ཆོག་སྟེ་དཔེ་ཆ་ལྟ་བའི་སྒོ་ལ་ཞུགས་མྱོང་བའི་ཕྱིར་རོ། །འདི་ནས་བརྒྱ་བཤད་སྟོང་སྤྲོས་ཅི་ལྟར་བྱས་ཀྱང་། ད་སྐབས་ཀྱི་དགེ་རྒན་དང་སློབ་མ་སུ་ཞིག་ཡིན་རུང་། རང་གཞན་གང་རུང་ཞིག་གི་མདུན་ལམ་གྱི་ཆད་དུ་ཚེ་སྲོག་བློས་བཏང་ནུས་ཤིང་། སྤྱི་དོན་བདག་གིས་འཕྲག་ཐོག་ཏུ་ཁུར་ཐུབ་པ་ཞིག་གམ། ཡང་ན་གཞན་ལ་ཕན་སེམས་ཆེ་བ། མི་རིགས་ལ་ཤ་ཞེན་ཡོད་པ། རྣམ་རིག་གི་བློ་གྲོས་རྒྱས་པ། ཕྱོགས་རིས་ཀྱི་རྨོངས་རྒྱ་ལས་ཐར་བ། རང་ལྟ་མཆོག་ཏུ་མི་འཛིན་པའི་མི་བུ་མི་ཡི་མཚན་ཉིད་དང་ལྡན་པ་ཞིག་དགོས་པའི་འབོད་བརྡ་རང་གཞན་ཀུན་ལ་བྱེད་པ་ཡིན། དེ་མིན་དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པ་ཞིག་མིན་པ་ནས་བཟུང་རྒྱལ་ཁབ་གཞན་ཞིག་གི་སློབ་ཆེན་ནས་སློབ་པ་མཐར་སོན་གྱི་དགེ་བཤེས་དང་། རིག་གནས་ཅན་གྱི་མིང་འཛིན་མཁན་སུ་ཞིག་ཡིན་རུང་། ཁྱེད་རང་དེ་ལྟར་གྱི་མིང་འཛིན་པ་ཙམ་ལས། དོན་དུ་འཛམ་གླིང་གི་ཤེས་བྱའི་གར་སྟེག་ན་འཚོ་བའི་དགེ་རྒན་རྣམ་དཔྱོད་དང་ལྡན་པ་དག་གིས་གྲས་སུ་སྲོག་ལ་ཐུག་ཀྱང་འཇོག་པར་མི་འདོད་ཅིང་འུ་ཅག་བོད་ཁ་བ་ཅན་གྱི་ཁ་དཔེ་བྱིའུ་ཚོད་ཀྱི་ཁྲ་ཞེས་པའི་དཔེ་ལྟ་བུ་ལས་ས་པན་གྱི་མཁས་འཇུག་ལས་གསུངས་པའི་གཙང་མཁས་གཞན་ཕན་གྱི་རྣམ་དཔྱོད་ལྡན་པ་ཞིག་ཏུ་ཅིས་ཀྱང་འདོད་ཐབ་བྲལ། འཛམ་བུ་གླིང་ན་སྐད་གྲགས་དེའི་ཡན་ན་མེད་པའི་ནུབ་གླིང་གི་སློབ་ཆེན་དེ་དག་ན་འཚོ་བཞུག་གནང་བའི་སློབ་ལ་རོལ་བའི་མི་སྣ་ཞིག་གམ། སང་ཉིན་གྱི་ཉི་མ་རེ་རྩེར་ཤར་བ་ནས་འཛམ་གླིང་གི་མཁས་པའི་ཁྲི་ཐོག་ཏུ་ཁྲི་བརྐོས་བྱེད་རྒྱུའི་གྲས་སུ་གཏོག་པ་ཞིག་ཡིན་ཡང་། ད་སྐབས་ཤེས་བྱའི་མེ་ཏོག་རྣམ་པར་བཀྲ་བའི་སློབ་གླིང་ནས་སློབ་བརྩོན་གྱི་དཔལ་ལ་རོལ་བའི་སློབ་མའི་གྲལ་མཐར་རུ་ཞུགས་པ་དེ་དག་གི་གྲས་སུ་ཡང་མི་འཇོག་སྟེ། རྣམ་འབྱེད་འཕྲུལ་སྡེ་ལས། མུ་སྟེགས་རུ་ཏྲ་ཕྱོགས་འཛིན་གསུམ། ཚར་གཅོད་གནས་སུ་ཤེས་པ་ཡིན་ཞེས་དང་། ས་སྐྱ་ལེགས་བཤད་ལས། ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །ཡོན་ཏན་ཅན་ལ་ལྷག་པར་སྡང་། །བློ་ཆུང་མང་དུ་འདུས་ན་ཡང་། །བྱ་བ་ཆེན་པོ་བསྒྲུབ་མི་ནུས་ཞེས་བཞད་པའི་རྒྱུ་མཚན་གྱིས་སོ། །ཞེས་དེ་ལྟར་བཤད་པའི་ཚིག་གི་སྡེབ་སྦྱོར་རེ་ཟུང་ནི་སྟོང་ལོ་གཉིས་པའི་དུས་གསར་ཉེར་གཅིག་པའི་ཆར་གྱི་དགེ་སློབ་གཉིས་ཀྱི་སྐྱོན་ཡོན་གྱི་ཕྱོགས་རེ་ཞིག་གླེང་བྱ་ཞིག་གི་སྲོག་ཏུ་བཟུང་བ་འདིའི་དགེ་མཚན་ནི་དེང་རབས་ཀྱི་སློབ་དཔོན་དང་སློབ་འབངས་ཡོངས་ཀྱི་བག་ཆགས་ཤིག་གི་སྟེང་ན་རྙིང་གཏོར་གསར་འཛུགས་ཀྱི་མཐུན་རྐྱེན་ཞིག་ཏུ་འགྱུར་བའི་རེ་སྨོན་ཞུ་ཞུ་ཞེས་དྲྭ་གྲོགས་ཤིག་གི་རེ་འབོད་བཞིན་ངལ་གསོའི་སྐབས་སུ་ཅི་དྲན་གང་ཤར་གྱིས་སྡེབ་ཙམ་བྱས་སོ།། །།
- ཟིན་ཐོ་གོང་མ།6-26/ཉིན་གྱི་ཡུལ་གྱར་བའི་མཐོང་སྣང་།
- ཟིན་ཐོ་འོག་མ།བོད་ཀྱི་བོན་སྲིད་ཟུང་འབྲེལ།