མཁྲེགས་འཛིན་ལ་སྡང་བའི་གཤེད་མ།
ཚ་བ་མདའ་སྨྱུག་པའི་ཕྱིར་རྟོག་བཀླག་རྗེས།
ལུང་ལ་མོས་པ་ཆེ་ན་རུང་།། སངས་རྒྱས་དད་པ་བཞག་ཀྱང་ཆོག །
དུག་སྣོད་རང་ལྟ་མཆོག་འཛིན་དེ།། ཕྱེ་མར་འཐག་པའི་གནས་སུ་ངེས།།
ཁ་སོང་ངམ་ཡང་ན་དེ་རིང་། མདོར་ན་ལོ་ཟླ་རིང་མོ་དེ་དག་གི་བར་གསེང་ན་ཚ་བ་མདའ་སྨྱུག་པའི་ཕྱིར་རྟོག་མི་ཡུལ་དུ་འགྲེམ་སྤེལ་བྱུང་བ་ལ། འགའ་ཞིག་གིས་དེབ་གསར་དེ་དག་གི་ནུས་མཐུ་དང་སྒྱུ་རྩལ་སོགས་ཀྱིས་མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་དུས་དེ་དག་ལ་དེས་བག་ཆགས་ཅི་འདྲ་ཞིག་འཇོག་མིན་གྱི་སྐོར་ལ་གླེང་མོར་འགའ་བྱེད་ཀྱི་གདའ། འགའ་ཞིག་གི་དེའི་ཕྱི་ནང་དང་འབྲེལ་བའི་སྐད་ཆ་འགའ་གོ་མ་ཐག་ནས་དཔེ་དེབ་དེ་རིག་ལོང་མེད་པར་མི་ཡུལ་གྱི་གདོན་འདྲེ་ངོ་མ། སངས་རྒྱས་བསྟན་པའི་རྐང་འདྲེན། གཤེན་རབ་མེས་པོའི་བོན་དགྲ། ལོག་ལྟ་བའི་རུ་དཔོན་ཞེས་སྲིད་ན་དཀོན་པའི་སྡིག་སྨོད་དང་འཕྱ་ཁྲེལ། སྐུལ་འདེབས་སོགས་བྱེད་ཀྱིན་ཚ་སྒང་བློ་གྲོས་དཔལ་ལྡན་གྱི་སྨྱུག་ཤོག་རླུང་ལ་སྐུར་ལ་ཁད། མདའ་སྨྱུག་པའི་ཕྱིར་རྟོག་མེ་ཁར་སྲེག་ལ་ཁད། དེབ་གསར་དེ་དག་གི་ཡོད་ཚད་ཆུ་ལ་སྐུར་ལ་ཁད། མདོར་ན་གླུ་མ་སྐལ་བཟང་མེ་ཏོག་གི་གླུ་གར་གྱི་སྒྱུ་རྩལ་ལས་བྲིས་པའི་ཡིད་ཁམས་རྒྱལ་མཚོར་དྲག་ཏུ་བཅོམ་པའི་སྙན་དབྱངས་རིག་ཚེ་རྩ་དམ་ཤོར་བའི་དམ་ཉམས་དང། རང་རྩོམ་ལོག་རྟོག་སྙིང་སྟོབས་དང་འབྲེལ་བའི་གཏམ་དང་། ཞོག་དུང་གི་སྡོང་གྲོགས་ཞེས་པའི་མཚན་བྱང་ཅན་དེ་དག་གི་མཚན་ཐོས་པ་ཙམ་གྱིས་རྨོངས་དད་གཤེགས་པའི་སྡང་དགྲ། དེ་མིན་རྟོག་དགེ་བའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་དུ་གྲགས་པའི་གཞུང་རྩོམ་མཐོང་ཡོང་བ་ཙམ་གྱིས་ལོག་ལྟའི་རུ་དཔུང་གི་ཚོགས་གཙོ་རྒན་པ་ཞེས་དམ་ཆོས་སྤྱོད་པ་དག་གིས་དམ་ཆོས་དང་འགལ་མང་བའི་འཆལ་ཚིག བོན་བསྟན་འཛིན་པ་དག་གིས་རང་ལུགས་ཀྱི་ལྟ་སྤྱོད་མི་མཐུན་པའི་གཏམ་ངན། གང་ལྟར་ངོ་ཚ་རྒྱུ་མེད་པར་ནང་བསྟན་འཛིན་པ་ཞིག་གི་མཚན་བཟང་པོ་དེ་འཛིན་མི་ཞིག་ཡིན་མདོག་བྱེད་བཞིན། དོན་ངོ་མར་ནང་བསྟན་དང་ཐག་ཆེས་རིང་བའི་རུ་ཚོགས་སྐོར་ཞིག་སྟེ། ནང་བསྟན་པའི་མིང་འཛིན་དེ་དག་གིས་ནང་བསྟན་གྱིས་སྲོལ་འབྱེད་ཚོའི་དགོངས་པ་མི་ཁྲོལ་བར་འགྲེལ་བཤད་ཕྱིན་ལོག་ཅིག་སེམས་ལ་ཉལ་བཞིན། ཚ་བ་མདའ་སྨྱུག་ལ་ལྐོག་སྨོད་བྱེད་བཞིན། རྩོམ་དེབ་ཕྱིར་རྟོག་ལ་ཞེ་སྡང་ལང་བཞིན་ཁོ་དང་དུས་རྟག་ཏུ་འབྲེལ་མི་ཉན། དཔེ་དེབ་དེ་དག་ཀློག་མི་རུང་ཞེས་མིག་གི་མཐོང་ཡུལ་དུ་གྱུར་བའི་གཟུགས་ཤིག་ཡི་ན་འུ་ཅག་འཚོ་བཞིན་པའི་གནམ་ས་གཉིས་ཀྱི་བར་ན་ཤོང་དཀའ་བའི་སྡིག་གཏམ་སྟེ། གོ་གོ་ན་རྣ་སུན་ཞིང་། ཉན་ཉན་ན་སྤྱུག་བྲོ་བའི་བཤད་བཤད་དང་། གཡམ་གཡམ་འགའ་བྱེད་ཀྱིན་གདའ། དེ་ནི་ཆེས་སྔ་དུས་འོ་ཅག་གི་རྒྱལ་ཁམས་འདིར་བོན་འབངས་ཚོས་བླ་མ་ཞིག་འཇལ་ཚེ་མགོ་འཕུར་འཕུར་དང་། དཔོན་པོ་ཞིག་ཐུག་དུས་ལྕེ་ནར་ནར་བྱེད་པའི་ལུགས་སྲོལ་ངན་པ་དེ་དག་གྱི་འབྱུང་རྐྱེན་བན་དྷེ་ཚོས་བོན་པོ་ལ་བོན་ནག་ཞེས་བརྗོད་པའི་གཏམ་སྡིག་དེ་ལྟ་བུས་མཚོན་གྱི་ཡོད་ཟེར་ན་ཆོག གང་ལྟར་ཁྱེད་ཚོས་བཤད་ཟིན་པའི་སྐད་ཆ་དེ་དག་ཐོག་མར་གཤེན་རབ་དང་ཤག་ཐུབ་གཉིས་ཀའི་འདོད་དོན་གྱི་དོན་སྙིག་གསེར་གྱི་རི་ལྟ་བུ་དེ་གོ་མ་མྱོང་པ་འམ། ཡིད་ལ་འཇོག་མ་ཤེས་པའི་རྐྱེན་གྱིས་ཁུངས་ངན་དྲགས་པ་ཞིག་ལས་བྱུང་ཞིང་། བར་དུ་ཞེ་སྡང་དང་། གནོད་སེམས་གཉིས་ལས་རང་གི་མགྲིན་པའི་མགྲིན་སྒོ་རང་གིས་འགོག་མ་ཐུབ་པར་གཞན་པའི་རྣ་ལམ་དུ་ཤོར་བ་རེད། ཅིའི་ཕྱིར་ན། གཤེན་རབ་ཀྱིས་རང་ཉིད་ཀྱི་བསྟན་པ་འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་གདོད་མའི་ཆོས་ལུགས་རྨང་གཞི་ལྟ་བུ་བྱས་པའི་ཐོག་ནས་དར་བར་བྱས་ལ་། དེ་བཞིན་ཤཱཀྱ་ཐུབ་པས་མུ་སྟེག་པའི་ལེགས་ཆ་གང་ཡག་ཡག་བླང་ནས་ཐུབ་བསྟན་རིན་པོ་ཆེ་སྲོལ་ཕྱེས་པར་ཁོང་ཚོའི་ཆོས་འབྱུང་དང་བོན་གྱི་མཁས་དབང་འགའ་ཞིག་གིས་གསུངས་།གྲགས་ཤིང་། དེ་ལྟར་འཛམ་བུ་གླིང་ན་སྙན་པའི་གྲགས་པ་དེའི་ཡན་ན་མེད་པའི་སངས་རྒྱས་པ་གཉིས་ཀྱི་གདོད་མའི་བོན་དང་། ཕྱི་རོལ་བའི་ཕྱོགས་ནས་ལེགས་ཆ་ཞིག་ལེན་ཆོག་ཕྱིར་ང་ཚོས་ཀྱང་། དཔེ་དེབ་འདི་འམ། རྩོམ་པ་པོ་འདིེའི་གསུང་ལས་ལེགས་པའི་ཕྱོགས་རེ་ཞིག་ཅི་ལ་ལེན་རྒྱུ་མེད། ལེགས་བསྟུས་ཉེས་དོར་དུས་ལ་བབ་པའི་སྐབས་ཤིག་ལ་བཟང་པོ་ཡིད་ལ་མི་ཤར་པར། སྡུག་ཚད་བརྗོད་བྱར་བཟུངས་ནས་ཟུར་ཟ་བྱེད་པ་དེས་མཐར་རང་ཕམ་པ་ལས། རྩོམ་པ་པོ་ཚ་བ་མདའ་སྨྱུག་གི་སྐྱེས་ལུས་ལ་ད་ལྟ་གཟེར་ཟུག་ཙམ་བསྟེར་མི་ཐུབ་ལ། ཕྱི་མར་ཁྱོད་བཤད་པ་དེས་མཐིང་ནག་གི་ཡུལ་དུ་སྦྱར་ཅི་ཡང་མི་ནུས་པས་ཁྱོད་ཚོ་ཁ་ན་ན་སྡུག་གྱོན་རེད། གཏམ་ཐེན་པ་སྟོང་ཕྱག་རེད། དོན་ངོ་མར་བཤད་ན་སྟོན་པ་གཤེན་རབ་ཀྱི་བཀའ་ལ་མ་བརྩིས་པ་རེད་ལ། ཤག་ཐུབ་ཀྱི་གསུངས་ལ་མ་བསྐུར་པ་ཡང་རེད། རྒྱུ་མཚན་ནི་གང་དག་བཀའ་ལ་གཞལ་མིན་ན། དེ་ཕྱིར་རིག་གཞལ་དོན་ཡོད་བྱ་ཞེས་གཤེན་རབ་ཀྱིས་གསུངས་ལ། ཤག་ཐུབ་དང་དེ་དག་གི་ཞལ་ཚབ་ཏུ་བྱོན་པ་རྣམས་ཀྱིས་ཀྱང་དེ་དང་མཐུན་པར་ཡང་དག་གི་གཏན་ཚིགས་གམ་རྒྱུ་མཚན་ཞིག་གིས་ཞིབ་དཔྱད་བྱེད་དགོས་པར་བསྟན་པ་ལས། སངས་རྒྱས་ཀྱི་གསུངས་ཚད་ལགས་སོ་ཞེས་ངོས་ལེན་བྱེད་དགོས་པར་མ་བཤད་པས་ཁྱོད་ཚོས་སངས་རྒྱས་ཀྱི་གསུངས་ན་དེ་ལྟར་ཡིན་པས་ཁྱབ། མ་གསུངས་ན་མ་ཡིན་པའི་ཁྱབ་པ་ཁས་ལེན་པའི་མཁྲིགས་འཛིན་བྱེད་པ་ནི་རང་ལྟ་མཆོག་འཛིན་ཞེས་པ་དེ་ཡིན་པས་འཆིང་རྒྱ་དེ་ལས་མ་ཐར་པར་སངས་རྒྱས་དང་སངས་རྒྱས་རང་ཟེར་ནས་སངས་རྒྱས་ནི་འཇིག་རྟེན་འདིའི་བདེན་པའི་བྱེད་པོ་དངོས་ལྟ་བུར་བཟུངས་ནས་བསྡད་ན་མཐར་རང་ཉིད་ཕམ་པ་ལས་སུ་ཞིག་ལ་གནོད་མི་ནུས། ཡང་གཅིག་བཤད་ན། ཁྱོད་ཚོས་ཚ་སྒང་བློ་གྲོས་དཔལ་ལྡན་ལ་མི་དགའ་ཞིང་། ཚ་བ་བདའ་སྨྱུག་ལ་མི་དགྱེས་ནས་རྩོམ་ཡིག་འདི་ལ་ཅིས་ཀྱང་སྡང་པར་འདོད་ཚེ་ལྐོག་ལབ་བྱེད་རྒྱུ་དང་། མདའ་སྨྱུག་གིས་དེ་ལྟར་ཟེར་ཡོད་ཅེས་སྡུག་གཏམ་དང་ནང་ཚག་གི་སྐད་ཆ་ཁོ་ན་ཙམ་མིན་པར་གདངས་ཤུགས་ཆེ་བའི་ངང་ནས་ཕྱོགས་སོ་སོར་མདའ་སྨྱུག་པས་འདི་ནས་མ་འགྲིག་ས་དང་། འདི་ནས་ཉེས་པ་ཆེ། འདི་ལྟར་ཐལ་དྲགས་སོང་པ་རེད། ཅེས་ཁོས་རྣ་བས་གོ་ཤར་ཤར་གྱི་ཨ་ལན་ཡ་ལན་རང་གིས་ལྟས་ན་ཡིན་བསམ་བསམ། མི་ཡིས་མཐོང་ན་ཧ་ལས་དགོས་པ་འགའ་ཞིག་ཕོག་ན་ཁོས་ཅི་ཞིག་བྱེད་རྒྱུ་ཡིན་མིན་འཆར་གཞི་བཞག་ཚར་བའི་མ་ཚད་གསལ་བརྡ་ཡང་སྤེལ་ཚར་འདུག་མོད། དེ་མིན་གོང་ལྟར་དུད་ཚང་སྡུག་གི་ཆུང་མ་ལྟར་མི་གཞན་གྱི་མི་གོ་སར་ཨ་མྱེ་སྡུག་རབ། ཨ་ཡིས་ངན་རབ་ཅེས་པ་ལྟ་བུའི་གཏམ་ངན་འགའ་གླེང་ན་མ་གླེང་ན་རྒྱུ་མཚན་ཆེན་པོ་ཨེ་ཡོད་མི་ཤེས། ད་དུང་ངས་ཁ་སོང་ཁ་གཉིས་སློབ་གྲོགས་འགའི་སྐད་ཆ་གོ་བ་ལ་གཞི་བཅོལ་ནས་བཤད་ན། ཚ་བ་མདའ་སྨྱུག་དང་མཁར་རྨེའུ་སོགས་ལ་སྡང་ཚིག་གིས་མཚོན་པའི་སྲོལ་རྒྱུན་སྙན་ངག་དང་། སྙན་ངག་གསར་པ་གང་ཡིན་མ་གོ་ན་ཡང་སྙན་ཚིག་རེ་ཞིག་བྲིས་ཡོད་པར་ཐོས། དེ་དག་གི་ཕྱོགས་ནས་ལེགས་ཉེས་ཀྱི་དབྱེ་འབྱེད་ད་རུང་ཐུབ་མ་སོང་། རྒྱུ་མཚན་ནི་ངས་རྩོམ་ཡིག་དེ་ལྟར་ཡོད་པ་ཙམ་གོ་བ་ལས་རྩོམ་ཡིག་ཁོ་རང་དངོས་སུ་མ་རིག་པས་ཡིན་ཞེས་བཤད་ན་ཆོག ཡིན་གཅིག་མིན་གཉིས་དེའི་སྐོར་ལ་སྐད་ཆ་ཞིག་བཤད་དགོས་པའི་དབང་དུ་བྱས་ན། སྤྱིར་རྩོམ་པ་པོ་ཁོ་རང་གིས་མཁས་དབང་མཁར་རྨེའུ་དང་། རྩོམ་པ་པོ་ཚ་བ་མདའ་སྨྱུག་གཉིས་ཀའི་འདི་ནས་ནོར་བ་ཆེན་པོ་བྱུང་འདུག དེ་ནས་མ་འགྲིག་པའི་རྒྱུ་མཚན་འདི་རེད་ཅེས་ཁ་གསལ་ཞིང་དོན་ཟབ་པའི་ལན་ཞིག་བྲིས་ཡོད་པའི་སྙན་ཚིག་ཞིག་ཡིན་ན། ངས་མཚམས་འདི་ནས་དེ་ལ་མོས་འདུན་གྱི་ངང་ནས་རྩོམ་པ་པོ་ཁོང་དང་། དེའི་རྩོམ་ཡིག་དེ་གཉིས་ལ་དེ་སྔོན་ཁོ་བོས་སྨྱུག་ཐོག་པ་ཞིག་ལ་བརྗོད་མ་མྱོང་བའི་བཀྲ་ཤེས་བདེ་ལེགས་ཀྱི་ཁ་གཡང་བཟང་པོ་ཞིག་འབོད་པར་མོས། དེ་མིན་ནོར་བ་ཕྱིར་སྟོན་བྱེད་རྒྱུ་མེད་པར་དེང་དུས་ཀྱི་གྱོད་གཏམ་པའི་ཚིག་ལྟར་ཁྱོད་སྡུག ང་བཟང་ཞེས་སྨོས་པའི་གཏམ་ཞིག་མ་ཡིན་པའི་སྨོན་ལམ་འདེབ་བཞིན་ཡོད་ལ། གལ་སྲིད་དེ་ལྟར་ཞིག་ཡིན་ཚེ་མི་གཞན་ཞིག་གིས་ཁྱོད་མ་དགའ་བ་ཙམ་གྱིས་ཁྱོད་སྡུག་པོ་རེད་ཅེས་བཤད་པ་དང་དོན་གྱི་ཆ་ནས་ཁྱེད་པར་འབྱེད་ཐབས་མེད་པས་དེ་སུ་ཞིག་གིས་ཡག་པོ་རེད་ཅེས་ངོས་འཛིན་བྱེད་ཐུབ། ད་དུང་ང་རང་ཉིད་ཀྱི་ངོས་ཐད་ནས་བཤད་ན་མོས་དགོས་ས་དང་སྡང་དགོས་ས་གཉིས་ཡོད་པའི་ནང་ནས་དེ་དག་ནི་ཆེད་དུ་སྡང་དགོས་པའི་གནད་དོན་ཞིག་ཡིན་པས་ཁྱེད་ཅག་བློ་ལ་མ་བབ་ན་སྡུག་གྱོན་རེད་ལ། ཆེས་སྔ་མོ་ཞིག་ནས་རྗེ་རིན་པོ་ཆེའི་ཞལ་ནས་རང་གི་ཤེས་པ་དེ་དང་མཐུན་པར་བྱུང་ན་སྟོད་པ་བྱེད་པ་དང་། མ་བྱུང་ན་སྨད་ར་བྱེད་པ་འདུག་སྟེ་བླུན་པོ་གྲལ་དུ་ཞུགས་པར་མཛོད་ཅིག་ཅེས་གསུངས་པས་གནས་སྐབས་སུ་ཁྱོད་དེར་བཞུག་རོགས་གྱིས། དོན་ངོ་མར་བཤད་ན་ང་ཚོ་དཔེ་ཆ་བ་ཞིག་གམ་། ཡང་ན་རིག་གནས་ཅན། བསམ་བློ་བ། རྩོམ་པ་པོ་སུ་ཞིག་ཡིན་རུང་དཔེ་དེབ་ཅིག་ཀློག་ཚེ་དེའི་ཤོག་ལྷེབ་རེ་གཉིས་བར་ཟུར་ཟ་ཞིག་འཚོལ་རྒྱུ་དང་། དཔེ་དེབ་དེའི་ཕྱི་ཤུན་ལེགས་མིན་ལྟ་རྒྱུ་སོགས་གཙོ་བོ་མིན་ལ། གཏམ་སྡིག་ཞིག་སྨྲ་རྒྱུ་དེ་བས་ཀྱང་གཙོ་བོ་ག་ལ་ཡིན། དེས་ན། སྒྲུང་གཏམ་ཞིག་ཀློག་ཚེ་མཐར་མཇུག་གི་བརྗོད་བྱ་གང་རེད་གདའ། དཔྱད་གཏམ་ཞིག་ལྟས་ཚེ་རྩོམ་པ་པོའི་ཁ་ཕྱོགས་སམ་འཛིན་སྟངས་ཅི་འདྲ་རེད། སྙན་ཚིག་ཞིག་བཏོན་ན་སྐབས་སུ་བབ་པའི་ཚིག་སྦྱོར་ལེགས་མིན། སྒྱུ་རྩལ་ཆེ་ཆུང་། བྲོ་བ་རབ་འབྲིང་སོགས་ཀྱི་ཕྱོགས་ལ་སྣང་ཆུང་མི་བྱེད་པ་ནི་དཔེ་ཀློག་པའི་འགན་འཁྲི་ཉག་གཅིག་དེ་ཡིན་པས། གལ་སྲིད་དེ་ལྟར་གྱི་དཔེ་ཀློག་གི་གོ་རིམ་བར་ནས་རང་གི་བློ་ལ་མི་འགྲོ་བའི་གལ་ཆེའི་གནས་ཚུལ་རེ་ཞིག་བྱུང་ཚེ། དེ་སྦས་པ་ལྟ་བུར་བྱས་ནས་དེ་མིན་གཞན་ཅི་ཡང་མི་ཤེས་པའི་མིའི་མཚན་ཉིད་ཚང་ཙམ་གྱི་རུ་དཔུང་གང་ཡོད་ན་འདིས་འདི་ལྟར་ཟེར་འདུག དེས་དེ་ལྟར་འདོད་མི་འདུག་ཞེས་དོན་མེད་ཀྱི་སྟོང་གཏམ་འགའ་གླེང་རྒྱུ་གཙོ་འགན་མིན་པས་ཁ་ཙ་དགོས་ཐུག་གི་བསམ་འཆར་རེ་ཞིག་ཁྱབ་སྤེལ་ལམ། དངོས་སུ་དཔེ་ཆ་དེའི་རྩོམ་པ་པོ་ལ་བསམ་འཆར་ཞུ་རྒྱུ་གཙོ་བོ་རེད་ཅེས་པའི་འབོལ་རྩོམ་ཉུང་ངུ་ཞིག་གཙང་ཚྭ་གཤེན་སྨྱུག་པས་དབྱངས་ཅན་དགྱེས་པའི་རང་ཤག་ནས། མི་ཚེའི་འདུ་བྱེད་རྫོགས་པར་མ་བྱུང་བར།། སྐྱབས་ཡུལ་བླ་མ་ཡི་དམ་དཀོན་མཆོག་ལ།། ཕྱག་དང་དད་གསོལ་མཚམས་འཇོག་མི་བྱེད་པ།། གཤེན་སྨྱུག་པ་ཡི་དམ་ཚིག་གཙང་མ་ཡིན།།
- ཟིན་ཐོ་གོང་མ།ཨ་མ།
- ཟིན་ཐོ་འོག་མ།ལེགས་སྐྱེས་དང་། ཁ་བརྡ།
འཕྲག་དོག་དབང་གིས་གཞན་ཕྱོགས་དེས་མ་སྨོད།
རྨོངས་དད་ཨུ་ཚུག་མཁྲེགས་ཅིས་ཀྱང་དོར།
གྲུབ་མཐའི་ཕྱོགས་ཞེན་རྨོངས་པའི་ལམ་དོར་ན།
ཆོས་པ་ཞིག་གི་ལམ་ལུགས་དེ་ཡི་ཆོག།
མཁས་པ་ཞིག་གི་ལྟ་བ་འང་དེ་ཡི་ཆོག།
སྡིག་སྨོད་བྱེད་པ་མཁས་པའི་ལམ་མིན་ལ།
ངོ་བསྟོད་བྱེད་པ་འང་ཅིས་ཀྱང་མ་ཡིན་ནོ།
སྤྱིའི་ཆ་ནས་བཤད་ན་སློབ་གསོ་ཞེས་པ་དེ་ཡག་པོ་ཞིག་རེད་ཅེས་ངོས་འཛིན་བྱེད་ཐུབ། ཡིན་ཡང་འདྲ་མཉམ་གྱི་དུས་རབས་འདིི་ལྟ་བུའི་ཆར་གཅིག་གིས་གཅིག་ལ་ཁྱོས་དེ་མ་བྱེད། འདི་ལྟར་གྱིས་ཞེས་བཤད་ན་སུ་ཞིག་གི་རྣ་ལམ་འགྲོ་བར་བསམ་གྱི་མེད། ཡིན་ཡང་རྒྱལ་བའི་གསུང་ཡིན་འདྲ། མདའ་སྨྱུག་པའི་ཉམས་མྱོང་གི་སྐད་ཆ་ཡིན་ན་རུང་། དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ཡིན་ན་ཆོག དེ་དག་གསུམ་ཀའི་ཕྱོགས་ནས་ལེགས་པའི་ཆ་ཙམ་ལས་མི་ལེགས་པའི་སྐྱོན་ཅི་ཡང་མེད་ཟེར་ན་ཅི་ལ་རུང་། དེ་ལས་ལྡོག་སྟེ་སྐྱོན་ཙམ་ལས་དགེ་མཚན་ཅི་ཡང་མེད་ཟེར་ན་དེ་བས་ཀྱང་ཤིན་ཏུ་མི་འཐད་པར་སྣང་། མདོར་ན་དེ་ཙམ་གྱི་མི་ཚད་རྩོམ་པ་པོ་ཞིག་གི་སོར་རྩེ་ལས་འཁྲུངས་པའི་རྩོམ་རིག་ཞིག་ཡིན་པ་ནས་ཡོན་ཏན་གྱི་ཆ་ཙམ་མེད་མི་སྲིད། དེས་ན་དེ་དག་རྒྱུན་དུ་དཔེ་ཆ་ཀློག་པའི་གོ་རིམ་བར་ནས་མི་བརྗིད་པར་བྱེད་པ་ནི་འགན་འཁྲི་ཞིག་ཡིན་པར་སེམས།
སྨད་པ་ཙམ་གྱིས་ངོ་ལོག་མི་འགྱུར་ཞིང་།།
བསྟོད་པ་རེ་རེས་རྗེས་འབྲེངས་མཚོན་མི་ནུས།།
ལེགས་ཉེས་བར་ནས་བྱུང་བའི་འདོད་བསྟན་དང་།།
མདའ་སྨྱུག་པ་ཡི་དཔེ་དེབ་ཕྱིར་རྟོག་གཉིས།།
ལོག་པར་ལྟ་བའི་གདོན་དགྲ་ཀླད་མེད་དག །
གཤེན་སྨྱུག་པ་ཡི་སྨྱུག་རྩེའི་རིས་ཚགས་འདི།།
ཁྱེད་ལ་འཕངས་པའི་བྱེད་ཟློག་ངོ་མ་ཡིན།།
གཤེན་སྨྱུག་པས།
མདའ་སྨྱུག་བ་ཡི་ལོག་བཤད་རྗེས་མ་འབྲེངས།
ལེགས་པར་གསུང་པའི་རྒྱལ་བའི་གསུང་རབ་ལ།
ཡིད་ཆེས་གཙང་མ་གྱིས་དང་གཤེན་སྨྱུག་ལགས།
བདེ་དགའ་ནས།
པ་དང་ མ་བྱུང་སྨད་ར་བྱེད་པ་འདུག་སྟེ་བླུན་པོའི་གྲལ་དུ་བཞུགས་པར་མཛོད་ཅིག་ཅེས་གསུང་པ་དེ་ཁྱེད་ཀྱི་མཐོངས་པ་མིན་ནམ་ འུང་འུང་།