ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དོགས་ལན་མདའ་གཞུ་ཁ་སྦྲེལ། | 2012/4/30 12:26:00

   དོགས་ལན་མདའ་གཞུ་ཁ་སྦྲེལ།

 ཤར་ཡུལ་ཕུན་ཚོགས་ཚེ་རིང་ལ་ཐོག་མར་ཕུལ་བ།

 ལོག་རྟོག་མ་རིག་འཁྲུལ་བའི་མཚོ་ཆེན་ལས།།

 ཐར་པའི་ལམ་སྟོན་རྒྱལ་སྲས་གཤེན་རབ་པ།།

 རྒྱལ་བ་དངོས་དང་ཞལ་ཚབ་རིམ་པ་ཀུན།།

སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད།།

དེ་ཡང་ད་ལྟའི་དུས་ཀྱི་ཆར་ང་ཚོས་ཡང་ནས་ཡང་དུ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་འདས་ཟིན་པའི་རྣམ་ཐར་ལ་ཕྱིར་བལྟས་ཤིག་བྱས་ན། འདས་ཟིན་པའི་ལོ་དང་ཟླ་བ་དུ་མའི་རིང་དུ་འུ་ཅག་གི་མགོན་དུ་གྱུར་པ་བཙན་པོ་ཕྱོགས་རིས་ཅན་དུ་མའི་ཆབས་སྲིད་ཀྱི་འོག་ལྕེ་ནར་ནར་དང་མགོ་འཕུར་འཕུར་བྱེད་པའི་ལམ་ལུགས་ཏེ་བོན་པོ་ཁོ་ནར་སྡིག་སྨོད་བྱེད་པའི་ལུགས་སྲོལ་ངན་དྲགས་པ་ཞིག་དར་ནས་ཁ་སོང་དེ་རིང་ཕལ་ཆེར་ཞིག་འགྲོ་བའི་སྐབས་སུ་སླེབས་ཡོད་ལ། དུས་རབས་དང་མི་རབས་རྒྱུད་ནས་ང་ཚོས་མགོན་སྐྱབས་སུ་རེ་བའི་བླ་མ་ལོག་ལྟ་ཅན་རེ་འགས་བོན་ནག་དཀར་ཁྲ་གསུམ་གྱི་དབྱེ་བ་ཙམ་ཕྱེས་པས་མི་ཚད་པར་དེ་གསུམ་རང་རང་ལ་ལྟོས་པའི་ལྟ་ཚུལ་རེ་རེ་བཟུང་ནས་ད་བར་ཁ་ལག་ཙམ་བསྲེ་མི་རུང་བའི་ཕྱིན་ལོག་གི་སྲོལ་རྒྱུན་མི་རུང་བ་ཞིག་སྲོལ་གཏོད་བྱས་ཏེ་བོན་པོ་ཚོ་གཉའ་གནོན་བྱས་པའི་ལོ་རྒྱུས་རབ་དང་རིམ་པར་བྱུང་སྟེ་ལམ་ལུགས་དེ་དག་ད་ཆར་ཕར་ཆེར་འདས་འགྲོ་སར་སླེབས་འདུག་པ་ལྟ་བུ་རེད་འདུག་མོད། སྐབས་དེ་ལྟ་བུའི་དུས་མཚམས་སུ་འདས་སོང་བའི་མི་རིགས་ཤིག་གི་ཤུལ་འཛིན་གྱིས་མཚོན་པའི་ང་ཚོ་ཕྱི་རབས་པ་སྟེ་བོན་ཕྲུག་རེ་ཟུང་ཞིག་ལང་ཚོའི་མགོ་བོ་ཐོག་མར་འབུར་དུས། སྤྱིར་དེང་རབས་ཀྱི་རྩོམ་པ་པོ་མི་ཉུང་བ་ཞིག་གི་འདོད་སྲོལ་ལྟར་རང་ལྟ་མཆོག་འཛིན་མི་བྱེད་པར་དྲང་ཕྱོགས་ལས་མ་འདས་པའི་ལས་བྱ་ཞིག་བསྒྲུབ་དགོས་པར་བཤད་པ་ནི་དངོས་དོན་དང་མཐུན་ཏེ། རྗེ་མཉམ་མེད་ཆེན་པོའི་ཞལ་ནས་རང་ལྟ་ལ་མི་ཆགས་པར་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང་དག་སྣང་སྦྱང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ་ཞེས་གསུངས་པས་སོ། །ཁོ་བོའི་འདོད་མོས་ལྟར་ན་དེ་དག་ཅི་ཡང་བདེན་པའི་གཏམ་ཞིག་ཏུ་འདོད་ཀྱི་ཡོད་ལ། ཡིན་ཡང་། དྲང་ཕྱོགས། དྲང་ཕྱོགས་འགའ་ཟེར་ནས་ཁ་བཤད་དོན་དང་མི་མཚུངས་པར་དཔེ་མེད་པའི་ཞྭ་མོ་གསར་པ་ཞིག་གྱོན་དགོས་དོན་མེད་ལ། མགྲོན་མེད་པའི་ལམ་བུ་གསར་པ་ཞིག་བཟོ་དགོས་དོན་མེད། ཉེ་ཆར་ཁོ་བོས་མཐོང་ཐོས་ལ་གཞི་བཅོལ་ནས་བཤད་ན་ཤར་ཡུལ་ཕུན་ཚོགས་ཚེ་རིང་ཞེས་སྤྱིར་བོན་ཞིབ་འཇུག་པ་དང་། སྒོས་སུ་སློབ་གྲྭ་ཆེན་མོ་ཞིག་གི་སློབ་དཔོན་ཏེ་བོད་རིག་པའི་ཆེ་མཁས་ཀྱི་མིང་འཛིན་པ་ཞིག་ཡིན་རབ་འདུག དེའི་ཕྱིར་ཁྱོད་རང་གིས་བྲིས་པའི་རྩོམ་ཡིག་རེ་ཞིག་རང་ཉིད་ཕར་ཕྱིན་སློབ་གཉེར་སྐབས་སུ་ཀློག་ཙམ་བྱས་པ་ཡིན་པས་ཚིག་གི་སྡེབ་སྟངས་དང་མིང་ཚིག་འགྲེལ་སྟངས་ཀྱི་ཐད་ནས་བཤད་རྒྱུ་ཟེར་རྒྱུ་མེད་པར་ཅུང་ཙམ་ལེགས་པར་མཐོང་ཞིང་། ཞིབ་པར་བལྟས་ཚེ་རང་གི་རྣ་བར་མི་འགྲོ་བའི་འཆལ་ཚིག་འགའ་དང་། སེམས་ནང་ལ་མི་འབབ་པའི་ལོག་གཏམ་མང་ཙམ་རབ་དང་རིམ་པར་བྱུང་བར་སྣང་། དེས་ན་ད་ལན་དེ་དག་ལས་ཟུར་འཕྲོས་ཀྱི་ཚུལ་དུ་ཁྱེད་ཀྱིས་བཤད་པའི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་སྐོར་དང་འབྲེལ་བའི་དོགས་ལན་མདའ་གཞུ་ཁ་སྦྲེལ་ཞེས་ཅུང་ཙམ་གླེང་བར་འདོད། དེ་ཡང་ཁྱེད་ཀྱིས་རྩོམ་པའི་བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུར་གྲགས་པའི་ཤོག་གྲངས་༥༠-༥༡་ལས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་སྐོར་ལ། ཕྱིས་རིག་བྱེད་པ་ལ་ལས་གཤེན་རབ་མི་བོ་ཆེ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་གསུངས། འོན་ཀྱང་མདོ་འདུས་ཞེས་པ་སོགས་ལས་གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུ་ཆུ་ཞིང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། འཛམ་བུ་སྨྲིག་ཤད་ཤང་གི་ཆ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་བམ་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ། སྤོས་རི་ངད་ལྡན་ཉེ་བའི་ས་ཞེས་འཁོད་པ་ལྟར་ན། དེའི་འཁྲུངས་ཡུལ་ཞང་ཞུང་ཡིན་པར་སྨོས་མི་དགོས་ཞེས་དང་། ཡང་ཤོག་གྲངས་༥༡་ནས་ཞང་ཞུང་ནི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་བྱེ་བྲག་ཅིག་ཡིན་ཞེས་བཤད་པ་དེ་དག་ལ་ཅུང་ཙམ་སྨྲས་ན། གོང་དུ་ཁྱོད་ཀྱི་བཤད་ཟིན་པ་དེས་གཅིག་ན་བོན་དཔེ་མདོ་འདུས་ལས་སྟོན་པའི་འཁྲུངས་ཡུལ་ད་ལྟའི་བོད་ཀྱི་ས་ཡི་ཁོངས་གཏོགས་ཀྱི་ཞང་ཞུང་ཡིན་པར་བསྟན་ཡོད་པར་བཤད་པས། མཛད་མདོ་དེས་སྟོན་པའི་འཁྲུངས་ཡུལ་གྱི་སྐོར་དེ་ལྟར་བསྟན་ཡོད་མེད་དང་། གཉིས་པ་ཁྱོད་ཀྱིས་སྟོན་པའི་འཁྲུངས་ཡུལ་བོད་ཡུལ་ལ་ངོས་འཛིན་པ་དེ་དོན་དང་མཐུན་མིན་གྱི་ཐད་ནས་ཅུང་ཟད་བཤད་རྒྱུ་རེད། དེ་ཡང་དང་པོ་རང་ཉིད་ཀྱི་འདོད་མོས་དང་མཐུན་ཚེ་ལུང་གི་མགོ་མཇུག་ཀུན་ལ་ཞིབ་ལྟ་བྱེད་ཁོམ་མེད་པར་སུ་ཞིག་གི་ཕབ་སོང་བ་ལྟར་ཚིག་སྦྱོར་ཡ་མཚར་བ་ཞིག་རིག་མ་ཐག་ནས་སྨྱུ་གུ་ཤོག་ཐོག་ཏུ་བྲི་ཆོག་ཆོག་བྱས་སྟེ་མདོ་འདུས་ཀྱི་མགོ་མཇུག་བར་གསུམ་ལ་མ་གཞིག་པར་མགོ་མཇུག་མ་ཚང་པའི་ལུང་ཞིག་ཟུར་དུ་ཕྱུང་ནས་རྒྱབ་བརྟེན་གྱི་ཚུལ་ལམ། དཔང་རྟགས་སུ་སེམས་ནས་མདོ་འདུས་ལོག་འགྲེལ་བྱས་པ་ལས་མདོ་འདུས་རང་ཉིད་ཀྱིས་བསྟན་སྟངས་དེ་དེ་ལྟར་ཡིན་པ་ཅིས་ཀྱང་གྲུབ་ཚུལ་མེད། རྒྱུ་མཚན་ནི་གཤེན་རབ་མི་བོའི་འཁྲུངས་ཡུལ་ལམ། ཡོངས་གྲགས་སུ་འོལ་མོ་ལུང་རིང་གི་སྐོར་མི་ཉུང་བ་ཞིག་མདོ་འདུས་ཀྱི་ལེའུ་དུ་མའི་ནང་དུ་བསྟན་ཡོད་ལ། འོན་ཀྱང་། ཁྱེད་ཀྱིས་བཤད་པ་ལྟར་གཤེན་རྒྱལ་སྟོན་པའི་འཁྲུངས་ཡུལ་འོ་ཅག་ཁ་བ་ཅན་གྱི་ཡུལ་གྲུ་འདིར་ངོས་འཛིན་གནང་བའི་གནས་ཚུལ་དེ་གཞུང་འདི་ལས་ཉི་ཟེར་གྱི་རྡུལ་ཙམ་ཡང་སྣང་རྒྱུ་མེད་པར་ངེས་ཤིང་། ལུང་འདིས་བསྟན་སྟངས་དེ་ལས་ལྡོག་སྟེ་གནས་ཡུལ་གཞན་ལ་ངོས་འཛིན་འཐད་པར་སྣང་། གང་ཞེ་ན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ལས་གཉེར་མཛད་པའི་གངས་ཅན་རིག་མཛོད་ཀྱི་དེབ་ཕྲེང་ལྔ་བཅུ་ང་ལྔ་སྟེ། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་ཞེས་པའི་དཔེ་དེབ་ནང་འཁོད་པའི་མདོ་འདུས་ཀྱི་ཤོག་གྲངས་༨་ཀྱི་ཐིག་འཕྲེང་༣་ནས་དེ་ཡང་ཁྱད་པར་འཛམ་གླིང་དབུས། རེ་འོ་གངས་ཅན་ཏི་ཙ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞིང་དཔག་ཚད་ལྔ་བརྒྱའོ། རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མལ་ཏྲོས་པ། ཆུ་ཞིང་དཔག་ཚད་ལྔ་བཅུ་པ་། ཕྱོགས་བཞིར་ཆུ་བཞི་འབབ་པ་ནི། ཀང་གྷ་ཤར་ཕྱོགས་གླངས་ཆེན་ཁ་ནས་འབབ། སི་འདུ་ལྷོ་ཕྱོགས་ཁྱུ་མཆོག་ཁ་ནས་འབབ། པག་ཤུ་ནུབ་ཕྱོགས་རྟའི་ཁ་ནས་འབབ། སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། ཆུ་ཀླུང་རབ་མཆོག་བཞི་པོ་དེ་དག་ནི། རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་བཅས་པར། ཆུ་ཡི་རྒྱུད་རྣམས་ཕྱོགས་བཞིར་རྒྱ་མཚོར་འགྲོ། རྫིང་བུ་དལ་གྱིས་འབབ་དང་། ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། དེའི་ནུབ་བྱང་གཤེན་ཡུལ་འོལ་མོའི་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་ཏས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ་ཞེས་འོ་ཅག་བོད་མི་ཚོའི་གནས་ཡུལ་དུ་གྱུར་པ་ཕྱི་གངས་རི་རྭ་བས་ཀུན་ནས་བསྐོར་ཞིང་། ནང་འདོད་དགུ་བཅུད་ཀྱིས་ཡོངས་སུ་གཏམས་པའི་མིང་དུ་གངས་ཅན་ལྗོངས་སུ་ཕྱོགས་ཀུན་གྱིས་སྨོས་པར་དགྱེས་པའི་ཡུལ་འདི་ནི་གཞི་འཛམ་བུ་གླིང་གི་ཕྱོགས་སོ་སོའི་ཆ་ནས་བཤད་ན། འཛམ་བུ་གླིང་གི་དབུས་སུ་ངོས་འཛིན་པ་ནི་གཞུང་ལུགས་འདིའི་བསྟན་སྟངས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་། དེའི་ནུབ་བྱང་ན་སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཡུལ་གཤེན་གྱི་འོལ་མོ་ལུང་རིང་ཡོད་པར་བསྟན་ཡོད་པ་འདི་དག་ཁྱོད་ཀྱི་རྨོངས་པའི་བློ་སྒོའི་སྒོ་ལྕག་འཕྱེ་ཐུབ་པའི་རྒྱུ་རྐྱེན་ཐུན་མོང་མ་ཡིན་པ་ཞིག་ཏུ་རློམ་ནས་ཁོ་བོ་སྨྱུག་འཛིན་པས་གསལ་བཤད་བྱས་པ་ཡིན་པས་དེ་ལུགས་ལུས་ངག་ཡིད་གསུམ་མ་ཡེང་པར་ཁ་མིག་རྣ་གསུམ་གྱིས་གོང་གི་གསལ་བཤད་དེ་ལ་རང་དུས་ཡུན་ཅུང་ཙམ་ཞིག་རོལ་རོགས་གྱིས་དང་། ད་དུང་གཞུང་འདིའི་མགོ་མཇུག་བར་གསུམ་ལ་ཕྱི་རབས་པ་ཞིག་གིས་དགོངས་དོན་ལོག་འགྲེལ་མི་ཡོང་བའི་དོན་ཆེད་དུ་ཡང་ནས་ཡང་དུ་གཤེན་ཡུལ་འོལ་མོ་ལུང་རིང་གངས་ཅན་བོད་ཀྱི་ནུབ་བྱང་ན་ཡོད་པའི་བསྟན་སྟངས་དེ་གཅིག་ཙམ་མ་ཡིན་པར་ཐེངས་གང་མང་ཞིག་གཞུང་འདི་ལས་རང་བྱུང་ཡོད་པ་ནི་དཔེར་མཚོན་ཙམ་དུ་ངོ་སྤྲད་ན། དེབ་འཕྲེང་དེའི་ཤོག་གྲངས་༨་ཀྱི་ཐིག་འཕྲེང་༡༥་ནས་ནུབ་ཕྱོགས་དམུ་ཡི་ཡུལ། ཤར་ཕྱོགས་རྒྱ་ཡི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇག་གི་ཡུལ། བྱང་ཕྱོགས་ལོ་བར་ཁྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ་ཞེས་གསུངས་པ་ལྟ་བུའོ། སྤྱིར་ཁྱེད་ཀྱིས་གོང་དུ་མདོ་འདུས་ལས་རི་བོ་གངས་ཅན་ཏི་སེ་དང་མཚོ་མ་ཕམ་གཉིས་ཀྱི་ས་སྐོར་ན་འོལ་མོ་ལུང་རིང་ཡོད་པར་བསྟན་པ་ཙམ་གྱིས་འོལ་གླིང་བོད་ཡུལ་དུ་ཡོད་པའི་སྐད་ཆ་དེ་དག་བཤད་དགོས་པར་བྱུང་བ་ནི་འདིའི་སྐོར་གྱི་དཔེ་ཆ་ལ་མཐོང་རྒྱ་ཅུང་ཟད་དམན་སོང་བའི་རྒྱུ་མཚན་དུ་བགྲང་ཆོག་ཀྱང་མཁས་པའི་དབང་པོ་ཞིག་གི་མིང་འཛིན་པ་ཞིག་ལ་དེ་ལྟར་བཤད་ན་དེ་འདྲ་ཞིག་འོས་ཤིང་འཚམས་པ་ཡིན་མིན་མི་ཤེས་པས་དཔེ་ཆ་དེ་དག་ལ་འབྲེལ་བ་བྱེད་མ་འདོད་པ་ཡིན་ཤས་ཆེ་སྟེ། དེ་མིན་རི་དང་མཚོ་དེ་དག་བོད་ཡུལ་ཙམ་ལས་གཞན་གྱི་ཕྱོགས་ན་མེད་ཆོག་པ་ལྟ་བུ་མ་ཡིན་པས་ལུང་ཚིག་དེ་ལྟར་མཐོང་བ་ཙམ་གྱིས་སྟོན་པའི་འཁྲུངས་ཡུལ་བོད་ལ་འཇོག་དགོས་པའི་གནད་དོན་གང་ཡང་མེད། གཉིས་པ་ཁྱོད་ཀྱིས་སྟོན་པའི་འཁྲུངས་ཡུལ་བོད་ཡུལ་ལ་ངོས་འཛིན་པ་དེ་དོན་དང་མཐུན་མིན་གྱི་སྐོར་ལ་བཤད་ན། སྤྱིར་འོལ་གླིང་བོད་ཡུལ་ལ་ཡོད་པའི་སྐོར་གྱི་བཤད་སྟངས་འདི་དུས་རབས་ག་དུས་ཀྱི་ལོ་རབས་ག་དུས་བྱུང་མིན་བདག་གིས་གསལ་བོར་མི་ཤེས་ཀྱང་། ད་ལྟའི་ཆར་ལྟ་བུར་མཚོན་ན་རྒྱལ་ཕྱི་ནང་གང་ས་ལ་ཡང་བཤད་སྟངས་ཀྱི་རིང་ལུགས་དེའི་སྲོལ་འཛིན་དངོས་དང་། དེ་དག་གི་ལུགས་སྲོལ་ཅི་འདྲ་ཞིག་ཡིན་མིན་ཧ་མ་གོ་ན་ཡང་། མི་རྒྱབ་ཁྱི་འགྲོ་ཞེས་པའི་དཔེ་ལྟར་ཁ་སྟངས་ལག་སྟངས་བྱེད་མཁས་པའི་ཞིབ་འཇུག་པའི་མིང་འཛིན་པ་འགའ་བྱུང་བཞིན་ཡོད། ཡིན་ན་ཡང་ཁོ་བོས་བཤད་སྟངས་དེ་ཁུང་ཅི་ཡང་མེད་པར་དཔེ་ནི་མགོ་རྔ་མེད་པའི་སྐད་ཆ་ཆོ་མེད་ཅིག་གིས་མཚོན་པར་འདོད་ཡོད། ཅིའི་ཕྱིར་ན། གནས་ཚུལ་འདིའི་སྐོར་ནི་ཐུན་མིན་བོན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཞིང་། འདིའི་སྐོར་གྱི་ལོ་རྒྱུས་སམ་རྣམ་བཤད་དེ་དག་ཐོག་མར་བོན་གྱི་གཞུང་ལུགས་ལས་བྱུང་བས་ལོ་རྒྱུས་འདི་དག་གི་ཁུངས་ཕུག་མ་ཞེས་པ་དེ་བོན་གྱི་ལོ་རྒྱུས་ལ་འཇོག་དགོས་པར་མཐོང་། དེའི་ཕྱིར་ལོ་རྒྱུས་ཕུག་མ་ལ་གཞི་མ་བཅོལ་བར་དུས་རབས་ཀྱི་བར་མཚམས་ཤིག་ནས་བྱུང་བའི་འགྲེལ་སྟངས་འགའ་ལ་སེམས་ཤོར་ནས་བསྡད་ན་ཅི་ཡང་རྒྱུ་མཚན་མེད་པར་སྙམ་པས་བོན་ལུགས་ཀྱི་བཀའ་དང་བཀའ་བརྟེན་ལ་གཞི་བཅོལ་བའི་ཚུལ་དུ་རེ་ཞིག་བཤད་ན། མདོ་གཟེར་མིག་ལས་གནས་མཆོག་དམ་པ་འོལ་མོ་ལུང་རིང་གི། གཡུང་དྲུང་དགུ་བརྩེགས་ཀྱི་རིའི་ནགས་ཚལ་ནས། ཞེས་གསུངས་པ་དེས་འོལ་གླིང་གི་གཡུང་དྲུང་དགུ་བརྩེགས་ཀྱི་རི་ནི་ནགས་ཚལ་གྱིས་རྒྱན་པའི་རི་ཞིག་ལ་ངོས་འཛིན་པས་བོད་ཡུལ་ལ་གཡུང་དྲུང་དགུ་བརྩེགས་རི་ཞེས་ནག་ཚལ་གྱིས་རྒྱན་པ་ཞིག་གཏན་ནས་མི་སྣང་པ་ལ་གཞིག་ན་འོལ་གླིང་འདི་བོད་ཀྱི་ཡུལ་གྲུ་ལས་གཞན་པའི་ཡུལ་ཞིག་ཡིན་པར་ངང་གིས་ཤེས་ཐུབ་ལ། དེ་མིན་བོན་གྱི་ཡིག་ཆ་འགང་ཆེའི་གྲས་སུ་གཏོགས་པ་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་ཤོག་གྲངས་༡༢༥་ལས་ཤར་ན་རྒྱ་ནག་ཁྲི་དུན་གཉིས། བྱང་ན་གེ་སར་དང་ཧོར་གཉིས། ནུབ་ན་སྟག་གཟིག་དང་གཟིག་འཕེན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ་ཞེས་དང་། སྟག་གཟིག་དང་བོད་ཀྱི་བར་ནི། རྡོ་རྒོད་བྲག་རི་རང་གིས་བཅད་ཅེས་བོན་ལུགས་པའི་བཀའ་བརྟེན་གྱི་ལེ་ཚན་མང་ཙམ་ལས་གོང་གི་མདོ་འདུས་ལས་གསུངས་པ་ལྟ་བུ་མང་ཙམ་མཐོང་རྒྱུ་ཡོད་ལ། བོད་ཀྱི་ཡུལ་ན་ཡོད་པའི་འོལ་མོ་ལུང་རིང་ཞིག་བསྟན་པའི་ཟུར་ཙམ་ཡང་ཁོ་མིག་ཆུང་སོང་བ་མིན་ཚེ་རིག་རྒྱུ་དང་། ཤེས་རྒྱུ་མི་འདུག་ལ། བློ་ཁོག་ཁ་འབྱར་སོང་བ་མིན་ན་བསམ་རྒྱུ་དང་ཚོར་རྒྱུ་མི་འདུག། ད་དུང་འཛམ་གླིང་ཤེས་ཡོན་ཅན་དུ་གྲགས་པའི་མི་སྣ་མང་ཙམ་གྱིས་ཚད་མཐོའི་གདིང་འཇོག་གནང་བའི་གནའ་བོའི་རྡོ་རིང་ཡི་གེ་སྟེ། གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་ཀྱི་ཤོག་གྲངས་༦་ལས། ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱང་ཕྱོགས་ཀྱྀ་དྲུ་གུ་ཞེས་སྟག་གཟིག་འོལ་མོ་ལུང་རིང་ནུབ་ཕྱོགས་ན་ཡོད་པར་བསྟན་ཞིང་། མཁན་པོ་བསྟན་པ་གཡུང་དྲུང་དང་། མཁར་རྨེ་བསམ་གཏན་རྒྱལ་མཚན། ནོར་ཝེའི་མཁས་དབང་པར་ཀ་ཝེར་ནེ། སོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པའི་བོད་རིག་པའི་ཞིབ་འཇུག་པ་མཁས་ཆེན་དུ་གྲགས་པ་མཁས་དབང་དྲང་རྣམ་པའི་དཔྱད་དེབ་མཁའ་རྡིང་གཤོག་ཟུང་ལས་ཀྱང་བོད་ཡུལ་དང་པར་སིག་སོགས་ལ་འོལ་གླིང་ཡོད་པའི་སྐོར་དེ་སུན་འབྱིན་གཏིང་ཟབ་མོར་གནང་སྟེ་འཛམ་བུ་གླིང་ཆེན་པོའི་ནུབ་བྱང་ན་ཡོད་པར་ངོས་འཛིན་གནང་བ་དེ་དག་གིས་ཀྱང་ངེས་ཤེས་ཤིག་འདྲེན་མ་ནུས་ཀྱང་། ཐེ་ཚོམ་ཞིག་འདྲེན་ནུས་ཀྱི་མི་འདུག་གམ་ཞེས་ཀྱང་སྨྲས་སོ་ཞེས་མཇུག་བསྡུས་པའི་ཚུལ་གྱིས་འདིར་ཚིག་གི་བཅད་མཚམས་ཤིག་བཞག་ན། ཁྱོད་ཀྱིས་ཕལ་ཆེར་ང་ལ་ཁྱོད་ཀྱིས་འཛམ་བུ་གླིང་གི་ཡུལ་གྱི་དབུས་བོད་ཡུལ་ལ་ངོས་འཛིན་ན་འོལ་གླིང་བོད་ཡུལ་ཡིན་པར་རྟགས་གྲུབ་སྟེ་འོལ་གླིང་ཡུལ་དབུས་ཡིན་པ་ད་ལྟའི་བོན་གྱི་ལོ་རྒྱུས་འགའ་ཞིག་གིས་བསྟན་པའི་ཕྱིར་ཞེས་པའི་ལན་ཞིག་བསྟེར་སྲིད་རྒྱུ་རེད་སྙམ་གྱི་ཡོད། གང་ཞེ་ན། འདི་ལྟར་གྱི་སྐད་ཆ་འགའ་ཁོ་བོས་དེ་སྔོན་གྲོགས་པོ་འགའ་ལ་གླེང་མོལ་ཙམ་བྱས་རྗེས་ཁོང་ཚོས་ཨ་ལན་ཡ་ལན་འདི་ལྟ་བུར་སྤྲད་པས་ཡིན། ད་དུང་བོན་པོའི་དགེ་བཤེས་འགའ་ཞིག་འོལ་གླིང་བོད་ཡུལ་ཡིན་ཞེས་བཤད་པ་ལ་ཐུགས་དགྱེས་སྣང་མེད་བཞིན་དུ་འཛམ་བུ་གླིང་གི་དབུས་འོལ་གླིང་ཡིན་ཞེས་བཤད་པ་དེ་དག་གི་དོགས་སེལ་དུ་དམིགས་ཏེ་སྤྲོ་སྣང་དང་མོས་པ་ཆེ་བའི་ངང་ནས་ལན་ཡག་པོ་ཞིག་རྒྱག་རྩིས་ཡོད་པ་ནི། གཡུང་དྲུང་བོན་པོའི་ལོ་རྒྱུས་དག་ལས་འོལ་གླིང་ཡུལ་དབུས་ཡིན་པར་བཤད་པ་ཙམ་ལས། འཛམ་བུ་གླིང་གི་དབུས་ཡིན་པར་སྨྲ་བ་མཐོང་རྒྱུ་ཆེས་དཀོན་པར་སྣང་། དེས་ན་ཁོ་བོས་འོལ་མོ་ལུང་རིང་ཞེས་པ་དེ་ཡུལ་དབུས་ཡིན་ཡང་འཛམ་གླིང་གི་དབུས་མིན་ཞེས་བཤད་པར་འདོད། དེ་ལ་ཁོ་བོ་ཅག་གིས་འཛམ་གླིང་དབུས་མ་ཡིན་ན་ཡུལ་དབུས་ཡིན་ཚུལ་གང་ཡིན་ཞེ་ན་དེ་རྒྱུ་མཚན་ཡོད་དེ། དུས་རྒྱུན་དུ་སངས་རྒྱས་བསྟན་པ་དར་ས་ལ་ཡུལ་དབུས་དང་། མི་དར་ས་ལ་མཐའ་འཁོབ་ཞེས་བླ་མ་ཞིག་གིས་བོན་འཆད་ཚེ་ཨ་དཀར་བཞིན་གསོག་ཞིང་། དགེ་བཤེས་ཤིག་གིས་ཁྲིད་གསུངས་ཚེ་མ་ཏྲི་ལྟར་དུས་རྒྱུན་པར་སྒྲོགས་བཞིན་པའི་ཡུལ་དབུས་ཙམ་ཡིན་པ་ལས། ལོ་རྒྱུས་དང་བསྟན་འབྱུང་དག་ལས་འཛམ་གླིང་གི་དབུས་ཡིན་པར་གསུངས་པར་ཁོ་བོས་མི་འདོད་ཅེས་བགྲོ་གླེང་ངམ་དོགས་ལན་མདའ་གཞུ་ཁ་སྦྲེལ་གྱི་གཏམ་གླེང་གི་མཇུག་སྐབས་རེ་ཞིག་བསྡུས་པས་མཁྱེན་ལྡན་ཤར་ཡུལ་པ་མཁྱེན་ཐུགས་དགྱེས་བཞིན་དུ་ཀློག་སྟེ་ལན་ཉན་འདོད་པ་ཞིག་སྟེར་ཡོང་བར་རེ་ནས་དགོན་སྡེ་ཆེན་པོ་འཆད་རྭ་ཞིག་ནས་སྒུག་ཡོད་ཅེས་བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ་ཀློག་པ་པོའི་མཚན་བཟང་མ་དོར་བའི་གཙང་ཚྭ་གཤེན་སྨྱུག་པས་དཔྱད་ལན་དུ་ཕུལ།།        ༢༠༡༢ ༣ ༡༥ཉིན་བྲིས།

Re:དོགས་ལན་མདའ་གཞུ་ཁ་སྦྲེལ། | 2012/5/14 15:26:01
yongdromགདིང་འཇོག་གནང་བར་ཐུགས་རྗེ་ཆེ། གཤེན་སྨྱུག་གིས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.