སྒྲ་བླའི་བསང་གསོལ་ལས་འཕྲོས་པའི་སྐད་ཆ།
༧ སྤྱིར་རང་ཉིད་ལ་མཚོན་ན། རང་ལོ་བདུན་བརྒྱད་ཙམ་ནས་ཕ་མའི་སློབ་སྟོན་འོག་བོན་གྱི་འདོན་ཆོག་གི་སྒོ་ལ་ཐབས་ཆག་འཇུག་ཐུབ་པའི་བསྐལ་བ་བཟང་པོ་རྙེད་ནའང་། ད་ནས་འདས་ཟིན་པའི་ལོ་ཟླ་དེ་དག་ལ་ཕྱིར་བསམ་གཞིག་འགའ་བྱས་ན། དེ་དུས་ཡི་གེ་ཀློག་ཤེས་པ་ཙམ་ལས་གཞན་དཔེ་ཆའི་གཞུང་དོན་ལ་བསམ་གཞིག་གི་ཕྱོགས་ཙམ་ཡང་བྱེད་མི་ཤེས་སྟབས་བོན་ལུགས་ཀྱི་གསོལ་ཁ་མི་དམན་པར་ཀློག་འདོན་བྱས་ཀྱང་། ཆོག་གཞུང་ལས་བྱུང་བའི་གལ་ཆེའི་རྟགས་མཚན་འགའ་མིག་བར་ནས་ཤོར་བས། སྒྲ་བླའི་གསོལ་ཁའི་འདོན་མཆོད་ཀྱི་སྐོར་རམ། སྒྲ་བླའི་གོ་མཚོན་སྣ་དགུའི་སྐོར་ལ་ད་ལྟའི་ཆར་ཙམ་མ་ཏོག་བསམ་བློ་འདོན་མྱོང་བའི་གོ་སྐབས་མ་བྱུང་ཟིག དེས་ན་ད་ལྟ་འདིར་སྒྲ་བླའི་བསང་གསོལ་ཀློག་པའི་སྐད་ཆ་ཞེས་དེ་དག་གི་རྣམ་བཤད་རག་རིམ་ཙམ་འཆད་པར་བྱ་བ་ལ། དམུ་རིགས་འཕྲུལ་གྱི་རྒྱལ་པོ་རིམ་བྱོན་གྱིས་སྒྲ་བླའི་ལྷ་ཚོགས་ལ་མཆོད་བསྟོད་བྱེད་པའི་སྲོལ་དེ། དེ་སྔོན་འདས་པའི་དུས་དང་། ད་ལྟ་ཚེ་ལོ་བརྒྱ་བའི་དུས་སོགས་དུས་རིམ་མི་འདྲ་བ་མང་ཙམ་གྱི་འགྱུར་རིམ་ཁྲོད་དམུ་རྒྱལ་རིམ་བྱོན་གྱིས་མ་ཉམས་པར་བསྲུངས་ཤིང་། དེ་ལྟ་བུའི་སྲོལ་རྒྱུན་དེ་དར་སྔ་བའི་ཡུལ་ནི་སྟག་གཟིག་ཡིན་པར་གྲགས། ཡུལ་དེའི་རྒྱལ་བུ་གཤེན་རབ་ཀྱིས་སྒྲ་བླའི་ལྷ་ཚོགས་ཀྱི་སྐུ་བཞེངས་ནས་བདུད་ཁམས་ཆོམ་ལ་ཕབ་པས་སྒྲ་བླའི་བསང་གསོལ་མཛད་པའི་སྲོལ་རྒྱུན་གཏིང་ཟབ་མོར་རྒྱས་ཏེ། ད་ལྟར་བོད་ཀྱི་ས་ཁོངས་སུ་ཡོད་པའི་ཞང་ཞུང་གི་ཡུལ་ན་དར་ཁྱབ་ཆེར་ཕྱིན་ནས་ཞང་ཞུང་དྲན་པ་ནམ་མཁའ་སོགས་བོན་གཤེན་དུ་མས་རང་རང་བཞུགས་པའི་སྒྲུབ་གནས་རྣམས་སུ་སྒྲ་བླའི་བསང་གསོལ་མཛད་བཞིན་ལྷ་ཚོགས་ཐུགས་དམ་བསྐང་ཞིང་། དེ་ནས་རིམ་བཞིན་བསང་གསོལ་མཛད་པའི་ཆོ་གའི་རྒྱུད་རིམ་འདི་ཉིད་འཕྲུལ་ངག་གཡུང་དྲུང་བོན་གཞན་དང་འདྲ་བར་བོན་དང་བོད་སྲིད་གཉིས་ཀ་བསྐྱོངས་བའི་བོད་ཆེན་པོའི་བཙན་པོ་ཐོག་མ་གཉའ་ཁྲིའི་སྐུ་རིང་ན་བོད་དུ་དར་རྒྱས་སུ་བྱུང་ཡོད་དེ། གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་གཞུང་ལས་སྐབས་དེ་དུས་སྒྲ་བླའི་གོ་མཚོན་སྣ་དགུ་ལག་ལེན་བྱེད་པའི་སྲོལ་བྱུང་བར་བཤད་པའི་རྒྱུ་མཚན་གྱིས་སོ། ཡང་ཐོག་མར་གཤེན་རབ་ཀྱི་སྐབས་ལྟ་བུ་ལ་མཚོན་ཏེ་བཤད་ན། གཤེན་རབ་མི་བོའི་མཛད་མདོ་དྲི་མེད་གཟི་བརྗིད་ལས། སྨེ་ཡི་རྟགས་དགུ་གོ་མཚོན་སྣ་དགུ་ལ་གཡངས་སུ་བླངས་ཏེ་གཤེན་རབ་ཀྱི་ཕྱག་ཏུ་སྒྲ་བླའི་གོ་མཚོན་སྣ་དགུ་བསྣམས་ནས་འཁོར་རྣམས་ལ་བསྲུང་བཙུག་ཞེས་གསུངས་པས་སྒྲ་བླའི་བསང་གསོལ་བྱས་པའི་སྐབས་སུ་བསྲུང་བཙུག་པའི་ལུགས་དེ་དང་འབྲེལ་ཏེ་གོ་མཚོན་སྣ་དགུ་དངོས་སུ་ལག་ལེན་བྱེད་པའི་སྲོལ་ཞིག་བྱུང་སྟེ་རྒྱུན་ཆགས་རིང་ཙམ་གནས། དེ་ལྟར་གོང་དུ་བཤད་པ་བཞིན་བསང་གསོལ་གྱི་ཆོ་གའི་རིམ་པ་དེ་དག་གནའ་ནས་སྟག་གཟིག་དང་། ཞུང་ཞུང་། བོད་བཅས་ལ་དར་སྟེ་ད་ལྟ་ཡང་སྲོལ་རྒྱུན་དེ་ཉིད་གནའ་ནས་ད་བར་མ་ཉམས་པར་ཁ་སོང་དེ་རིང་གི་བོན་གཤེན་ཚོས་སྤྱོད་བཞིན་ཡོད་ལ། སྤྱིར་སྒྲ་བླའི་གོ་མཚོན་སྣ་དགུ་ཞེས་གཡུང་དྲུང་བོན་གྱི་གསོལ་ཁའི་འདོན་ཆོག་ལས་བྱུང་ལ། སྟོན་པའི་མཛད་རྣམ་རྒྱས་འབྲིང་རེ་ཞིག་སྟེ་གནའ་དུས་ཀྱི་ལོ་རྒྱུས་དང་གཏམ་རྒྱུ་རེ་འགའ་ལས་ཀྱང་གོ་མཚོན་སྣ་དགུ་དང་འབྲེལ་བའི་ལོ་རྒྱུས་འབྲིང་ཙམ་བྱུང་། ང་ཚོས་འདིའི་སྐོར་གླིང་མོར་ཞིག་བྱས་པའི་དབང་དུ་བྱས་ན། གོ་ཁྲབ་སོགས་ཀྱིས་གཙོས་པའི་མཚོན་ཆ་ཟུང་བཞི་དང་། ཡ་གཅིག་ལ་གོ་མཚོན་སྣ་དགུ་ཞེས་ཟེར་ཞིང་། འུ་ཅག་གི་སྟོན་པ་གཤེན་རབ་ཀྱིས་འོལ་མོ་ལུང་རིང་གི་ནག་ཚལ་མེ་ཏོག་གླིང་དུ་རང་ཉིད་ཀྱི་མཛད་ཆེན་བཅུ་གཉིས་ཀྱི་ཁ་ཡལ་དུ་གྱུར་པ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་མཛད་བཞིན་པའི་སྐབས་སུ་སྨེ་ཡི་རྟགས་དགུ་ནི་གོ་མཚོན་གྱི་རྣམ་གྲངས་མི་མཐུན་པ་དགུ་ལ་གཡངས་སུ་བླངས་པས་གོ་མཚོན་དེ་དག་ལ་སྒྲ་བླའི་གོ་མཚོན་སྣ་དགུ་ཞེས་ཡོངས་སུ་གྲགས། ཐ་སྙད་དེའི་ཐོག་མའི་མགོ་བདག་ཅག་གི་སྟོན་པས་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་སྐྱོངས་པའི་སྐབས་སུ་བདུད་ལ་རྒོལ་བ་བྱས་ནས་ཆོ་འཕྲུལ་སྣ་དགུ་གོ་མཚོན་སྣ་དགུ་ལ་གཡངས་སུ་བླངས་པ་ནས་རྩོམ་པ་ཡིན་། དེ་ལ་ཡང་འདོན་མཆོད་ཀྱི་སྒྲ་བླའི་ཆོག་གཞུང་ཁག་ལས་ཡེ་སྲིད་འཕྲུལ་གྱི་གོ་ཆ་སྣ་དགུ་ཡང་ཟེར་ལ། དོན་ངོ་མར་ཡེ་མཁྱེན་སྒྲ་བླའི་ཚོགས་འཁོར་ལོག་རྟོག་དཔུང་འཇོམ་ལས། སྐུ་རྟེན་རིས་སུ་བྲིས་པ་དང་། གསུང་རྟེན་ཡིག་འབྲི་སྔགས་ཀྱིས་རྒྱན། ཐུགས་རྟེན་གོ་མཚོན་རྣམ་པ་དགུ་ཞེས་དངོས་སུ་བསྟན་པའི་ཐུགས་རྟེན་དང་། གསུངས་རྟེན། སྐུ་རྟེན་གསུམ་གྱི་ནང་ཚན། ཐུགས་རྟེན་ལ་གོ་མཚོན་རྣམ་པ་དགུ་རུ་གསུངས་པ་དེ་དག་ཡིན། དེ་ལྟར་གྱི་གོ་མཚོན་རྣམ་དགུ་ནི་ཐོག་མའི་ལག་ལེན་མཛད་པ་པོ་དམུ་རྒྱལ་གྱི་གདུང་འཛིན་རི་པར་བྱོན་པ་རྣམས་ཡིན་ཞིང་། ད་ལྟ་ཡང་དེ་ཡི་རྗེས་འཛིན་གཡུང་དྲུང་བོན་པོ་ཚོས་སྤྱོད་བཞིས་པའི་རྒྱུ་མཚན་གྱིས། སྒྲ་བླའི་བསང་སྲོལ་བྱེད་པ་ནི་ཐུན་མིན་བོན་གྱི་རང་ལུགས་ཤིག་ཏུ་གྱུར་པས། བན་དྷེའི་ཆོག་གཞུང་དང་ལོ་རྒྱུས་ཕལ་མོ་ཆེ་ལས་སྒྲ་བླའི་གོ་མཚོན་སྣ་དགུའི་སྐོར་བསྟན་པ་ཧ་ལམ་མེད་པར་སྣང་ཞིང་། བོན་ལུགས་ཀྱི་འདོད་སྟངས་ལྟར་ན། གོ་མཚོན་སྣ་དགུ་དང་། སྒྲ་བླའི་གོ་མཚོན་སྣ་དགུ་གཉིས་ཅུང་ཙམ་མི་འདྲ་བར་བསྟན་པར་གོང་གི་བཤད་པའི་རྣམ་བཤད་དེ་དག་གམ། བོན་ལུགས་ཀྱི་འདོན་མཆོད་ཆོག་གའི་གཞུང་ལུགས་དང་། ལོ་རྒྱུས་དག་ལས་ཤེས་དགོས་སོ། གོང་དུ་བསྟན་པའི་སྒྲ་བླའི་གོ་མཚོན་སྣ་དགུ་ནི་གང་ཞེ་ན། དྲི་མེད་གཟི་བརྗེད་པོད་དང་པོའི་ནང་གི་གཞོན་ནུ་རོལ་རྩེད་ཀྱི་མདོ་དང་། སྒྲ་བླའི་གསོལ་ཁའི་ཚོགས་འཁོར་དང་། བསྐང་བ་དག་ལས་འདིའི་སྐོར་བསྟན་སྟངས་ལ་ཅུང་ཟད་བརྟགས་ཚེ་ཕན་ཚུན་མིང་མི་འདྲ་བ་འགའ་བྱུང་ན་ཡང། དཔེ་གཞུང་དེ་དག་གོ་བསྡུར་བྱས་པའི་མཇུག་འབྲས་སུ་ཁོ་བོས་ངོས་འཛིན་སྣང་སྟངས་དང་བསྟུན་ཏེ་བཤད་ན། བསེ་རྨོག བསེ་ཁྲབ། རལ་གྲི། གཞུ། མདའ། མདུང་། ཕུབ། ཞག་པ། ལྕག་ཀྱུ། བཅས་དགུར་འཇོག་དགོས་པར་སྙམ། ད་དུང་། ཡེ་སྲིད་འཕྲུལ་གྱིས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ། སྲིད་པ་སྐོས་ཀྱིས་བཀོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ ། སྒམ་པོ་ཕྱྭ་ཡིས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ། ཡེ་མཁྱེན་སྒྲ་བླས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ། མཐུ་ཆེན་ཝེར་མས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ། ཅང་སེང་གཉན་གྱིས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ། ཐུག་དཀར་ལྷ་ཡིས་བསྐོས་པའི་སྒྲ་བླའི་གོ་མཚོན་སྣ་དགུ་སོགས་སོགས་ཏེ། ན་ན་ཚིམ་ཚིམ། གངས་དཀར་སྐྱབས་ཆེན། གསེར་གྱི་སླག་པ། ཁྲི་ཆུ་དམུ་རྫོང་། བསེ་ཁྲབ་ཤོལ་མོ། སྲ་བརྟེན་གོ་ཆ། གར་མ་ཁྱུང་གཤོག ཞེས་ཐ་སྙད་འདོགས་སྟངས་ཀྱི་ཐད་ནས་མི་འདྲ་བ་ཙམ་འདུག་ཀྱང་གོང་དུ་བཤད་པ་ལས་གཞན་ལོགས་སུ་མེད་པར་སྣང་། ཡིན་ཡང་། ཐ་སྙད་དམ་མིང་ཚིག་དེ་དག་བོད་སྐད་ཡིན་ནམ། ཞང་སྐད་ཡིན། ཡང་ན་དེ་ལས་གཞན་པའི་ཡུལ་གྲུ་ཞིག་གི་སྐད་ཅིག་ཡིན་གསལ་ཁ་དངོས་སུ་འདོན་མི་ཐུབ་པས་སྒྲ་བླའི་གོ་མཚོན་སྣ་དགུ་ལ་ཁོ་བོས་ངོས་འཛིན་བྱས་པ་དང་མི་མཐུན་པ་གཞན་ཡོད་མེད་ད་བཞུགས་བོན་གཤེན་ཀུན་དང་། མ་འོངས་པའི་དཔྱོད་ལྡན་ཚོས་བརྟགས་པར་བྱ་བའི་གནས་ཤིག་ཏུ་སེམས་།
༢༠༡༢ལོའི་ཟླ་བ་༡་ཚེས་༣་ཉིན་དམར་རི་ནས།
- ཟིན་ཐོ་གོང་མ།དུས་གློ་བུར་བའི་གོད་ཆག
- ཟིན་ཐོ་འོག་མ།དོགས་ལན་མདའ་གཞུ་ཁ་སྦྲེལ།