གངས་ལྗོངས།
གངས་ལྗོངས། ཟླུམ་གཟུགས་ཀྱི་བཀོད་པ་ལེགས་པའི་མཐོ་སྒང་དུ།
མུ་ཁྱུད་གངས་ཀྱིས་བསྐོར་བའི་མི་ཡུལ་གྱི་དག་ཞིང་སྟེ།
བདེ་ཞིང་སྐྱིད་པའི་གངས་ལྗོངས།
ཀ་ཁ་སུམ་ཅུའི་གཏམ་རྒྱུད་ཀློང་ནས། ཕ་སྐད་གཙང་མའི་དབྱངས་རྟ་སྒྲོན་བཞིན།
མི་རིགས་ཤིག་གི་བདེ་སྡུག་འཚོལ་བའི་མེས་པོ་ཚོས་སྙིང་སྟོབས་ཀྱིས་བཟུང་
བའི་གནམ་འོག་གི་འཇིག་རྟེན་ཞིག། འོན་ཀྱང་།
རྩ་གསུམ་གྱི་ལྷ་གནས་བཞིན། ངེས་དོན་གྱི་རྒྱལ་སྲས་སྟོང་གིས་འཇིག་རྟེན་
པའི་ཆད་དུ་གཞན་ཕན་གྱི་མཛད་བཟང་བསྐྱང་ནས།
དགེ་བཅུའི་བསྟན་པའི་བ་དན་གནས་འདིར་བསྒྲིངས་ཞིང་།
ལྷ་ཡུལ་ནས་འཐེན་པའི་འོད་ཀྱི་དམུ་ཐག་ལས་བབས་པའི་
མངའ་མཛད་པ་ཞིག་གིས་འཚེ་མེད་ཀྱི་ཕན་བདེ་གནས་འདིར་བསྐུན།
གངས་ལྗོངས། འཇིག་རྟེན་ཞིག་གི་ཕ་རོལ་དུ་འདས་ཟིན་པའི་མེས་པོ་
ཚོས་ཕྱི་དྲན་དེ་ཡིས་སྦྲ་ནག་དང་། རྩམ་པ། ཕ་སྐད་དང་། སྲོལ་རྒྱུན།
ཡོད་ཚད་ང་དང་ཁྱོད་ཚོར་བཞག་པའི་ཤུལ་ལམ་རིང་མོ།
གངས་ལྗོངས། དཀར་ནག་ཕྱུགས་ཁྱུའི་འབའ་སྒྲ་དང་།
རྫི་གླུ་སྙན་མོའི་འགྱུར་ཁུག་དེ་དག་གི་ཁྲོད་དུ། དཀར་དམར་ཞིམ་དགུའི་
ཟས་མཆོག་གི་མཚོ་མོ་མཁྱིལ་བའི་ལྷས་ར་གྲུ་བཞི་སྟེ།
ངའི་སྙིང་ཉེ་བའི་ཕ་ཡུལ། ཕ་ཡུལ་ཡ། གངས་ལྗོངས།
ངའི་སེམས་ཁོང་གི་ཚོར་འདུ་ཞིག་གིས་ལྷད་མེད་ཀྱི་དུང་བ་ཁྱེད་ལ་ཟབ།
ངའི་དྲན་རྟོག་གི་སྨྱུག་རྩེ་དེ་ཡིས་སྙན་ངག་གི་རོལ་མོ་ཁྱེད་ལ་དཀྲོལ།
༢༠༡༡ ༦ ༢ ཀོ་དགོན་ནས།
- ཟིན་ཐོ་གོང་མ།མཚམས་སྤྲིན་འོག་གི་སྐྱིད་གླུ།
- ཟིན་ཐོ་འོག་མ།རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་མཆོག་གི་མཛད་རྣམ་ངོས་སྤྲོད།