རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་མཆོག་གི་མཛད་རྣམ་ངོས་སྤྲོད།
ཚེ་དབང་རིག་འཛིན་གྱི་སྤྲུལ་པ་རུ་ལུང་གིས་ཟིན་པའི་སྐྱེས་མཆོག་ཉིད།མདོ་ཁམས་
རྔུལ་རྫའི་སྒང་སྟོད་སྦྲ་ཆེན་རྫོང་གི་ཆར་གཏོག་རྟ་རྫ་འགའ་ཞེས་པའི་ཡུལ་དེར་
༡༩༠༨ལོར་ཡབ་རག་ཤི་བསྟན་པ་དང་། ཡུམ་འབེ་ཟ་གཉིས་ཀྱི་སྲས་སུ་སྐུ་མཚན་གྱི་
འཛུམ་བརྒྱ་འགྲོ་བ་ཡོངས་ཀྱི་དཔལ་དུ་མངོན་པར་གྲོལ་ཞིང་། དགུང་ལོ་གསུམ་
ཙམ་ནས་ལྷ་ཞལ་མཇའ་བའི་ལོ་རྒྱུས་ཡོད་ལ། དགུང་ལོ་བདུན་སླེབ་པ་ནས་རིགས་
གནས་ཡོངས་ཀྱི་གཞི་མ་འབྲི་འདོན་ལ་ཕུལ་དུ་ཕྱིན་པའི་སྦྱོང་བརྩོན་མཛད།དགུང་
ལོ་བཅུ་གསུམ་ནས་སྒོ་རིགས་ཀྱི་གདུང་འཛིན་ཉི་མ་རྒྱལ་མཚན་གྱི་མདུན་ནས་རབ་
ཏུ་བྱུང་ཞིང་རང་དགོན་ཏེ་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་
ཆེན་གླིང་དུ་སྒྲིག་ཞུགས་མཛད།སྨན་རིའི་མཁན་པོ་བསྟན་པ་བློ་གྲོས།སྒོ་སྟོན་ཉི་མ་
རྒྱལ་མཚན། གཤེན་སྤྲུལ་ཐུགས་རྗེ་ཉི་མ། ཤར་རྫ་བློ་གྲོས་ལུང་རྟོགས་རྒྱ་མཚོ། ཀུན་
གྲོལ་ཧུྃང་ཆེན། གྲུབ་དབང་བཟོད་པ་རྒྱལ་མཚན། ཁྱུང་སྤྲུལ་རིན་པོ་ཆེ། འབྲུ་སྒོམ་
ཚུལ་ཁྲིམས་རྒྱལ་མཚན། རྨེའུ་སྐལ་བཟང་རྒྱལ་མཚན། སོགས་རྩ་བླ་དགུའི་མདུན་
ནས་སྔོན་འགྲོ་འབུམ་དགུ་ཐེངས་དགུ་ཞུས་ཤིང་བསག་སྦྱང་མཛད། དེ་མིན་གཡུང་
དྲུང་བོན་ལུགས་འཛིན་པའི་མཁས་དབང་དང་བླ་ཆེན་དུ་མར་བསྟེན་ནས་རྒྱལ་
བའི་བཀའ་འགྱུར་ཆེན་མོ་གཙོ་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དུ་མའི་
ལུང་ཁྲིད་གྲངས་ལས་འདས་པར་གསན་བསམ་མཛད། དེ་རྗེས་བླ་མ་མཆོག་གྲུབ་
དབང་བཟོད་པ་རྒྱལ་མཚན་དང་།ཐུགས་རྗེ་ཉི་མ་རྣམ་གཉིས་ཞལ་མཐུན་པའི་སྒོ་
ནས་ཚེ་དབང་སྤྲུལ་པ་རུ་ངོས་འཛིན་གནང་།དེ་ནས་ཧོར་སྤྱི་ཁྱབ་རྒྱལ་པོའི་གདན་ས་
རྐྱང་འཐེང་ཁར་མཐོང་སྨོན་བདེ་ཆེན་རི་ཁྲོད་ཕྱག་བཏབ་མཛད། རི་ཁྲོད་དེའི་སྒྲུབ་
གྲའི་མཁན་པོར་མཛད་ནས་ལོ་གྲངས་བཅུ་ཕྲག་ལྷག་གདུལ་བྱ་དག་ལ་སྨིན་གྲོལ་
གྱི་གདམས་བཟང་རྒྱུན་ཆད་མེད་པར་བསྩལ་ཏེ་ལྟ་བ་ཡབ་ཕུབ་རྫོགས་པ་ཆེན་པོའི་
དོན་རྟོགས་ཐུབ་པའི་མཛད་པ་རླབས་ཆེན་སྐྱོང་། དེ་རྗེས་རྗེ་བླ་མ་མཆོག་ཁྱུང་ལུང་
དངུལ་མཁར་དུ་ཁྱུང་སྤྲུལ་རིན་པོ་ཆེར་མཇལ་ཞིང་ཁྱུང་སྤྲུལ་རིན་པོ་ཆེས་ཁོང་གི་
རྒྱལ་ཚབ་དགོས་པའི་བཀའ་བསྩལ། དེ་ནས་དུས་འགྱུར་གྱི་ཁྲོད་དུ་རྗེ་བླ་མ་མཆོག་
ཕྱི་རྣལ་འབྱོར་བའི་སྤྱོད་པ་འཆང་ཞིང་ནང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ཉེས་སྐྱིན་གྱིས་
མ་གོས་པར་ཉམས་ལེན་ལ་ཧུར་བརྩོན་མཛད་བཞིན་བཞུགས། སླར་ཆོས་དད་རང་
མོས་དང་སྲིད་རྒྱུད་དོན་འཁྱོར་བྱུང་རྗེས་སུ་རྗེ་བླ་མ་མཆོག་ཀླུ་དགོན་གྱི་བླ་རབས་
བཅུ་པའི་ཁྲི་འཛིན་གནང་ཞིང་དགོན་པ་བསྐྱར་གསོ་མཛད་དེ་རྒྱལ་བ་བྲུ་ཡི་རིང་
ལུགས་འཁྲུལ་བ་མེད་པར་སྐྱོང་། དེ་ནས་དགུང་ལོ་དགུ་བཅུ་གོ་བཞིར་སླེབ་སྐབས་
ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་ཤས་སྔོན་ང་ཟླ་འདིའི་ཚེས་བརྒྱད་ལ་
ཞིང་གཞན་དུ་འགྲོ་རྒྱུ་ཡིན་ཞེས་མ་འོང་པའི་ལུང་བསྟན་གསུངས་ནས་ཉིན་དེར་
ཞལ་སྔར་བས་དྭངས་ཤིང་སྐུ་མཚན་དཔེ་གཟི་མདངས་དང་ལྡན་པའི་ངང་
བཞུགས་འདུག་པས་ཉི་འཁོར་དག་གིས་དེ་རིང་བླ་མ་འདས་ས་མ་རེད་ཞེས་གླིང་
བཞིན་པའི་སྐབས་གློ་བུར་དུ་འཕོ་བ་ཞིག་གསུངས་ཏེ་ཞིང་གཞན་དུ་ཕེབས་ནས་
དགོངས་པ་བོན་དབྱིངས་སུ་བསྡུས་ཟིན། དེ་ནི་ངེས་པ་དོན་གྱི་རྣལ་འབྱོར་བ་དྲི་མེད་
གཡུང་དྲུང་མཆོག་གིས་མཛད་རྣམ་རག་རིམ་ཙམ་ཞིག་ཀློག་པོ་དག་གི་མཐོང་ཡུལ་
བསྟར་བ་ལགས་སོ། ༢༠༡༡ ༥ ༡༥ ཉིན་བྲིས།
- ཟིན་ཐོ་གོང་མ།གངས་ལྗོངས།
- ཟིན་ཐོ་འོག་མ།མི་ཡུལ་རྟེན་གྱི་ནོར་བུ།