བོད་ཆེན་པོའི་བོན་དང་སྲིད།
༧ གོང་དུ་དཔྱད་གླེང་འདིའི་མིང་བྱང་ལ་བོད་ཆེན་པོའི་བོན་དང་སྲིད་ཅེས་པ་ལྟར་སྐབས་འདིར་གླེང་བར་བྱ་བ་ཡང་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་གཏམ་ཞིག་གླེང་བར་བྱེད་རྒྱུ་ཡིན་ལ། དེ་ཡང་བོད་ཆེན་པོ་ཞེས་པའི་ཐ་སྙད་འདི་ལོ་རྒྱུས་དང་ཆོས་འབྱུང་ཕར་ཆེར་ལས་གསལ་ཡོད་འདུག་ལ། ཐ་སྙད་འདི་ནི་བོད་བཙན་པོའི་དུས་སྐབས་སུ་ཁྱབ་ཆེ་ཤོས་ཀྱི་ཐ་སྙད་ཅིག་ཡིན་ཞིང་། ཐ་སྙད་དེའི་ཁྱབ་ཁོངས་སུ་གཏོགས་པའི་བོད་ཆེན་པོ་ནི་ཡར་ལུང་སོ་ཁ་ན་རུ་བཞི་བོད་སྤྱིའི་དབང་བསྒྱུར་གྱི་རྒྱལ་པོ་དེས་སྲིད་དབང་བཟུང་སྟེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་བཙན་པོ་གཅིག་གི་མངའ་འོག་ཏུ་བསྡུས་པའི་ཆབ་སྲིད་ཆེན་པོ་དབུ་བརྙེས་ཤིང་དེ་ལྟར་གྱི་ཆབ་སྲིད་ཆེན་པོ་གཅིག་གི་མངའ་འོག་ཏུ་འཚོ་བའི་བོད་ལ་བོད་ཆེན་པོ་ཞེས་ཟེར། སྐབས་འདིར་བཤད་པར་བྱ་བ་ནི་བཙན་པོ་ཆེན་པོ་གཅིག་དང་། ཆབ་སྲིད་ཆེན་པོ་གཅིག་དང་། བོན་སྲིད་གཅིག་སྟེ་ཆེན་པོ་གསུམ་ཞེས་ཡོངས་སུ་གྲགས་པ་དེ་དག་གིས་བསྐྱངས་པའི་མངའ་འབངས་འཚོ་བའི་ཡུལ་གྲུ་དེ་ལྟ་བུ་ལ་མཚོན་ན་ཆབ་སྲིད་ཀྱི་དབུ་མ་བཟུང་པའི་ཡར་སྔོན་ནས་གདོད་མའི་བོན་དང་གཡུང་དྲུང་གི་བོན་སོགས་ཆོས་ལུགས་ཀྱི་རྣམ་གྲངས་དུ་མ་ཞིག་དར་ཁྱབ་ཕྱིན་ཞིང་། བོད་ཆེན་པོའི་ཆབ་སྲིད་དབུ་བརྙེས་ཁར་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་ཀྱིས་སྤྱི་སྤུངས་ཀྱི་བོན་རྣམས་ཐུགས་དམ་མཛད་དེ་སེམས་ཕྱོགས་ཀྱི་བོན་དར་ཞིང་། རྒྱུ་ཡི་བོན་གྱི་སྐོར་ཡང་གཡང་ཤེས་ཕྱྭ་བོན། འདྲེ་ཤེས་གླུད་གཏོང་། འདུར་ཤེས་སྲིད་ཤེས། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྡ་བྱད། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་རྐུ། ལྡིང་ཤེས་ཤ་བ། འཕུལ་ཤེས་ཅུ་ཏིག འགྲོ་ཤེས་འཕྲུལ་བོན་ཞེས་བོན་གྱི་བྱམས་མ་ལས་གསུངས་པའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་མཚན་དོན་ལ་གཞིག་ན། གཡང་ལེན་པ་དང་། གླུད་གཏོང་བ། སྨན་སྦྱིན་པ། རྩིས་རྒྱག་པ། གཏོ་བྱེད་པ་སོགས་ཏེ་རྒྱུ་ཡི་བོན་ཕྱོགས་ཀྱི་ཆོས་ལུགས་དུ་མ་ཞིག་དར་ཡོད་པར་ཤོད་ཐུབ། དེ་ལྟར་འབྲས་བུའི་བོན་ཕྱོགས་ལ་མངའ་བརྙེས་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། རྒྱུ་ཡི་བོན་གྱི་རྣམ་གྲངས་ལ་ཕུལ་དུ་ཕྱིན་པའི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་སུ་གྲགས་པ་དག་གིས་འཕྲུལ་ངག་བདེན་པ་རྒྱུ་འབྲས་གཉིས་ཀྱི་གཡུང་དྲུང་བོན་ནམ་གཤེན་རབ་ཀྱི་ཐེག་པ་རིམ་དགུའི་བོན་རྣམས་རབ་ཏུ་དར་བའི་སྐབས་ཤིག་ལ། མདོ་འདུས་ལས། བདག་ནི་མྱ་ངན་འདས་རྗེས་སུ། །མི་ལོ་སུམ་བརྒྱ་དྲུག་གི་དུས། །ནམ་མཁའ་དཀྱིལ་ན་བོད་ཀྱི་རྒྱལ། །ལྷ་རི་གྱང་མ་གྱང་ཐོར་འབྱུང་། ཞེས་དང་། ནམ་མཁའ་སྣང་བ་མདོག་ཅན་ཁྱོད། །དེ་དུས་དེ་དང་དུས་མཉམ་པར། །རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ལུང་འདི་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་དུ་མདོ་འདུས་ཀྱི་ལུང་དྲང་པ་ལྟར་བཀོད་ཡོད། དཔྱད་རྩོམ་འདི་འབྲི་སྐབས་སུ་མདོ་འདུས་ལས་དངོས་སུ་བརྙེད་མ་སོང་། ཅེས་གསུང་། ལྷ་རི་གྱང་ཐོར་གཉའ་ཁྲི་བྱོན་པ་ནས་ཡར་ལུང་སོ་ཁར་གདན་དྲང་སྟེ་བོད་ཆེན་པོའི་བཙན་པོ་ཐོག་མའི་ཁྲི་ལ་མངའ་གསོལ་བ་ནས་བོད་རུ་བཞི་འདིར་བོན་སྲིད་ཟུང་དུ་འབྲེལ་བའི་ལམ་ལུགས་གཏིང་ཟབ་པོ་ཞིག་བྱུང་སྟེ་བསྒྲགས་པ་རིན་ཆེན་གླིང་གྲགས་ལས། དགོངས་པ་གཙང་མ་ཡར་ལུང་སོ་ཁར་གཟིགས། གནས་གཙང་མ་རྩེ་མོ་བྱུང་རྒྱལ་བབ། སྐུ་མཁར་བྱེ་མ་སྟག་རྩེ་བརྩིགས། ལས་སྤྱོད་དག་པ་གཤེན་གྱི་ལས་ལ་སྤྱོད། གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སྤྱི་སྤུངས་གཡུང་དྲུང་བོན་སྐོར་ཞུས་ནས་སྤྱོད། ཅེས་གསལ་བ་ལྟར་རྒྱལ་པོས་གཤེན་སྣང་བ་མདོག་ཅན་ལ་བརྟེན་ཏེ་གསང་སྔགས་ཀྱི་བོན་སྤྱི་སྤུངས་སྐོར་གསུམ་ཐུགས་དམ་མཛད་ཅིང་། སྐབས་དེ་དུས་གསས་ཁང་གཡུང་དྲུང་ལྷ་རྩེ་སོགས་བཞེངས་། སྤྱིར་ཡང་སྐུ་ཡི་གཤེན་པོ་གཡུང་དྲུང་བོན་པོ་དང་། ཐུགས་དམ་ཀྱི་བོན་སྡེ་སྤྱི་སྤུངས་སྐོར་གསུམ། བཞེངས་པའི་མཛད་པ་ལྷ་ཡི་གསས་ཁང་སོགས་བོད་རྒྱལ་རེ་རེའི་རིང་དུ་ཟམ་པ་མ་ཆད་པར་བྱུང་བའི་སྲོལ་ཐོག་མར་སྐབས་དེ་དུས་ནས་བྱུང་བར་སྣང་། གོང་དུ་བོད་ཀྱི་བཙན་པོ་གཉའ་ཁྲི་ཐོག་མར་ལྷ་རི་གྱང་ཐོའི་རྩེ་མོར་བབས་ཅེས་པའི་ཡུལ་འདི་ངོས་འཛིན་བྱེད་སྲོལ་མི་འདྲ་བ་འགའ་མཆིས་ཀྱང་། གླིང་བཞིའི་བསྟན་པའི་འབྱུང་ཁུངས་ལས། རྒྱལ་པོ་དེས་དགོངས་ནས་དོག་ལ་བབས་པའི་དུས་སུ་དྭགས་རྐོང་ཀོང་གི་བ་གླང་རྫི་བོས་མཐོང་། ཁྱེད་གང་ནས་ཡོང་བྱས་པས་གནམ་དུ་འཛུབ་མོ་ཀེར་ཀེར་བྱེད་ཅིང་བགད་པས། ཞེས་པ་ལ་གཞིགས་ན་ཀོང་གི་ལྷ་རི་གྱང་ཐོ་ཡིན་ཆོག་གམ་སྙམ། རྒྱལ་པོ་གཉའ་ཁྲི་ནས་གནམ་གྱི་ཁྲི་བདུན་དུ་གྲགས་པའི་བོད་ཀྱི་བཙན་པོ་ཀུན་གྱི་རིང་དུ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཙན་ཞིང་བོན་ཁྲིམས་དར་གྱི་མདུད་པ་མ་ལྷོད་པར། བོད་ཆེན་པོའི་རྒྱལ་ཁམས་ཀྱི་མངའ་འབངས་ཀུན་འཚེ་མེད་ཞི་བའི་འཚོ་བ་ལ་བརྩོན་བཞིན་མཆིས་ཤིང་། ལྷག་པར་དུ་བོད་ཀྱི་སྲིད་དབང་འཛིན་པའི་རྒྱལ་གྱི་ཁྲི་རབས་གཉིས་པ་རྒྱལ་སྲས་མུ་ཁྲི་བཙན་པའི་སྐབས་ཀྱི་བོད་ཆེན་པོ་ལྟ་བུ་ལ་མཚོན་ན། སྲས་མུ་ཁྲི་ལ་ཁོང་གི་ཡབ་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་མཆོག་གིས་གསང་སྔགས་སྤྱི་སྤུང་གི་བོན་རྣམས་ཀྱི་དོན་བསྟན། གསང་སྔགས་སྤྱི་སྤུང་གི་དབང་སྣང་བ་མདོག་ཅན་ལ་ཞུས་པར་གྲགས། བཙན་པོ་ཐོག་མའི་མཛད་པ་བཞིན་གསས་ཁང་ཁོ་མ་ནེའུ་ཆུང་བཞེངས། སྐབས་དེ་དུས་མུ་ཁྲི་བཙན་པོའི་སྐུ་ཅུང་ཞིག་མ་བདེ་བའི་སྐབས་ཤིག་ལ་བོད་ཀྱི་བོན་པོ་རྣམས་ཀྱིས་མོ་བཏབ་སྟེ་རིམ་གྲོའི་མཛད་པ་རྒྱ་ཆེར་སྤེལ་བས་རྒྱལ་པོའི་མངའ་ཐང་སྔར་བས་མཐོ་ཞིང་། འབངས་ཀྱི་བདེ་སྐྱིད་སྔར་བས་རྒྱས་པས་རྒྱལ་མུ་ཁྲི་བཙན་པོས་བོན་གཤེན་རྣམས་ལ་སྐུ་གསུངས་ཐུགས་གསུམ་གྱི་ཆེ་རྟགས་བྱིན་པར་གྲགས་ཅིང་། གཡས་གྲལ་ན་བོན་པོ། གཡོན་གྲལ་ན་བློན་པོ། དཀྱིལ་གྲལ་ན་བཙན་པོ་བཞུགས་པ་དང་། གཤེན་ངག་ཚིག་གསུམ་མ་བྱོན་པ་ལ། རྒྱལ་པོས་གོང་ནས་བཀའ་མི་སྩལ། བློན་པོས་འོག་ནས་གྲོས་མི་ཤོམ། ཞེས་པ་སོགས་ཀྱི་སྲོལ་དེ་ནས་བྱུང་ཞིང་ཁྱད་པར་དུ་ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས། དེང་དུས་ཀྱི་སྟོད་སྨད་བར་གསུམ་གྱི་བོན་གྱི་དགོན་སྡེ་ལྟ་བུ་སྟེ་སྐབས་དེའི་བོན་གཤེན་རྣམས་འཚོགས་སའི་གནས་ཆེན་པོ་སྟེ། དབུས་རུ་ན་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ནབརྒྱད། རུ་ལག་ན་དགུ་སྟེ་མདོར་ན་སོ་བདུན་དུ་འཕེལ་ཞིང་། ད་དུང་བླ་ཆེན་དྲན་པའི་བསྒྲགས་པ་རིན་གླིང་སོགས་ལས་མཆོད་རྟེན་སུམ་ཅུ་རྩ་བདུན་དང་། དེ་རྣམས་ལ་བཞུགས་པའི་གཤེན་པོ་དྲུག་ཅུ་རྩ་དགུ་ཞེས་གསུངས། དེ་དག་ལས་གྲུབ་པ་ཐོབ་པའི་བོན་གཤེན་དགུ་ཡོད་པ་ནི། མུ་ཁྲི་བཙན་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཨ་ནུ་འཕྲག་ཐག སད་ནེ་གའུ། ཟིང་པ་མཐུ་ཆེན། སྤེ་བོན་ཐོག་རྩེ། སྤེ་བོན་ཐོག་འཕྲུལ། དད་མིན་ཐད་ཀེ་སོགས་བོན་གྱི་མདོ་རྒྱུད་དག་ལས་གསལ་བ་ལྟར་ན། སྤྱིར་གནམ་གྱི་ཁྲི་བདུན་དུ་གྲགས་པའི་བོད་ཀྱི་བཙན་པོ་དག་གི་སྐུ་རིང་དུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་འཚོ་བ་རྒྱལ་འབངས་ཀུན་གྱི་སྤྱད་པར་གྲགས་ཀྱང་། མུ་ཁྲིའི་སྐབས་སུ་བོད་ཀྱི་བཙན་པོ་གཞན་དག་གི་སྐབས་དང་མི་འདྲ་བར་བོན་སྲིད་གཉིས་ལས་བོན་གཙིགས་སུ་ཆེར་བར་བཟུང་ནས་རྒྱལ་གྱི་ཆབ་སྲིད་ལག་བསྟར་བྱས་ཡོད་པར་འདོད། དེ་དག་ལ་མུ་ཁྲིའི་སྐབས་ཀྱི་འདུ་གནས་སོ་བདུན་ཞེས་ཡོངས་སུ་གྲགས། དེ་ནས་རིམ་བཞིན། ཏིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། དར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་སོགས་ཁྲི་བདུན་གྱི་ནང་ཚན་བཙན་པོ་རྗེས་མ་རྣམས་ཀྱི་རིང་དུ་གོང་གི་གཉའ་ཁྲི་དང་། མུ་ཁྲིའི་མཛད་པ་བཞིན་བོན་དང་སྲིད་ཟུང་དུ་འབྲེལ་བའི་ཐོག་བོད་ཆེན་པོ་དབང་བསྒྱུར་གྱི་སྲིད་དབང་བཟུངས་ཏེ་རིམ་བཞིན་ཕུང་པོ་ལྷག་མེད་དུ་མཁའ་ལ་ཡལ་བར་བཤད་ཅིང་དེའི་ཕྱིར་ཁྲི་བདུན་བང་སོ་གནམ་ལ་བཏབ་ཅེས་ཤོད་སྲོལ་བྱུང་། འདྲེན་པའི་དཔོན་སྲས་རེ་བརྟེན་ཞིང་ཐུགས་དམ་སྤྱི་སྤུངས་ཀྱི་བོན་བསྐོར་དག་གཙོ་ཆེར་མཛད་ནས་བཙན་པོ་རེ་རེས་གསས་ཁང་རེ་བཞེངས་སྟེ་རྒྱལ་གྱི་སྲིད་བཟུང་བར་གྲགས་ཞེས་བཤད་པ་དེ་ནི་བོད་ཆེན་པོའི་བོན་དང་སྲིད་འབྲེལ་ཏེ་བོད་རུ་བཞི་ན་སྔ་དར་གྱི་བོན་ཇི་ལྟར་དར་བར་བསྟན་པའི་སྐབས་ཏེ་བོད་ཆེན་པོའི་བོན་དང་སྲིད་ཅེས་པའི་ལེའུ་དང་པོའོ།
- ཟིན་ཐོ་གོང་མ།ཡིན་ངེས།
- ཟིན་ཐོ་འོག་མ།སྙན་ངག་ལུས་སྲོག་རྒྱན་གསུམ་ལས་བྱུང་བའི་གཏམ།