༧སྙན་ངག་ལུས་སྲོག་རྒྱན་གསུམ་ལས་བྱུང་བའི་གཏམ་
དབྱངས་ཅན་དགྱེས་པའི་གཤང་དབྱངས།
མཚན་དཔེ་ཨུཏྤལ་གསར་པའི་འདབ་ཕྲེང་ཟུང་། །
གཅིག་ཏུ་འཆང་བའི་འདོད་འཇོ་ངག་གི་དབང་། །
རྒྱལ་ཡུམ་ཚངས་སྲས་ལྷ་ཡི་རྣམ་དཔྱོད་ཅན། །
མགྲིན་པའི་གུར་ཁང་སྲུངས་ཤིག་དགེ་ལེགས་སྩོལ། །
༄༅།། སྤྱིར་སྙན་ངག་དང་སྙན་ངག་རིག་པའི་བྱུང་ཁུངས་ཀྱི་ལོ་རྒྱུས་བདག་གི་སྣང་སྟང་ཞིག་བཤད་ན་རང་གཞན་ཚང་མ་ཕྲག་དོག་སྐྱེ་བའི་རྒྱུ་ལས་མ་འདས་པས་འདིར་བཤད་པར་བྱ་རྒྱུ་མིན་ལ་དེ་སྔོན་བཤད་རྒྱུན་ལྟར་བསྐྱར་གླེང་ཞིག་བྱས་ན་དོན་ཆུང་ངུ་ཞིག་ལས་མེས་པས་འདིར་དེའི་སྐོར་ཟུར་ཙམ་ཡང་བཤད་པར་མི་བྱ་ལ། སྐབས་འདིར་བཤད་པར་བྱ་བ་ནི་གང་ཞེ་ན། སྙན་ངག་གི་གཞུང་ཆེན་དག་ལས་བྱུང་བའི་སྙན་ངག་གི་ལུས་སྲོག་རྒྱན་གསུམ་གྱི་སྐོར་བདག་གི་སྣང་ཚུལ་དང་བསྟུན་པའི་སྒོ་ནས་ངོ་འཛིན་བྱས་ཏེ་ཡིག་ཐོག་ཏུ་འབྲི་ཅི་ཐུབ་ཞིག་བྱེད་རྒྱུ་ཡིན། དེ་ཡང་སྙན་ངག་ལུས་སྲོག་རྒྱན་གསུམ་དུ་བཤད་པའི་ལུས་ནི། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་སྙན་གཞུང་དབྱངས་ཅན་སྙིང་གི་ཐེག་ལེ་ལས། ལུས་ནི་རེ་ཞིག་བརྗོད་བྱར་འདོད་པའི་དོན། །ཁྱད་པར་བྱ་བའི་ཚིག་གི་ཕྲེང་རྒྱུད་དེ། ཞེས་གསུངས་པ་ལྟར། གང་རྗོད་པར་བྱེད་པའི་ཚིག་གི་ཕྲེང་བ་འམ་ཚིག་སྦྱོར་ཅིག་ལ་ལུས་སྲོག་རྒྱན་གསུམ་ལས་ལུས་ཟེར་བ་དེ་རེད། དེ་ལ་སྙན་ངག་གཞུང་ཆེན་དག་ལས་བཤད་པ་ལྟར་ཚིགས་བཅད་དང་། ཚིག་ལྷུག དེ་གཉིས་གང་གི་གྲལ་དུ་མ་གཏོགས་པའི་ཚིག་སྤེལ་མ་གསུམ་དུ་ཕྱེས་ནས་སྙན་ངག་གི་ལུས་ལ་རྣམ་གྲངས་དེ་ཡིས་གྲངས་ངེས་པར་གྲགས་ཤིང་། དེ་ཡང་དང་པོ་ཚིགས་བཅད་ངོས་འཛིན་པ་ལ། ཚིགས་བཅད་ནི་འགའ་ཞིག་གིས་རྐང་པ་གཅིག་ཁོ་ནར་ངེས་པའི་ཚིག་སྦྱོར་ཙམ་ལ་ཚིགས་བཅད་དུ་བཤད་པ་ཡོད་ཀྱང་ལེགས་པར་མ་མཐོང་ཞིང་། གལ་ཏེ་དེ་ལྟར་ཡིན་ཚེ་ལྷུག་མ་དང་སྤེལ་མ་ཞེས་པའི་ཚིག་སྦྱོར་གང་ཡང་མི་འབྱུང་སྟེ་ཚིག་སྦྱོར་ཡིན་ན་ཚིགས་བཅད་ཀྱིས་ཁྱབ་པ་ཡོད་པའི་ཕྱིར་རོ། དེས་ན་ཚིགས་བཅད་ནི་གང་ཞེ་ན། རྐང་པ་གཉིས་ཡན་གྱི་ཚིག་སྦྱོར་གང་ཞིག་སྟེ་རྐང་པ་གྲངས་མང་ཉུང་ཇི་ཙམ་ཡིན་ཀྱང་ཚིག་གི་གྲངས་མང་ཉུང་གི་ཁྱད་པར་མེད་པ་ཙམ་ལ་ཚིགས་བཅད་དུ་འདོད། རྐང་པ་གཉིས་ཡན་གྱི་ཚིག་སྦྱོར་ཞིག་ཡིན་པ་གཞིར་བཞག་ཐོག་མཚན་གཞི་ལ་སྦྱར་ཏེ་བཤད་ན་རྐང་པ་དང་པོ་དེ་དགུ་ཚིག་ཡིན་ན་ཕྱི་མ་རྣམས་དགུ་ཚིག་ཁོ་ནར་ངེས་པ་ཅན་ཞིག་ལ་ཚིགས་བཅད་སྙན་ངག་ཞེས་སུ་གྲགས། དཔེར་ན། །
གདུལ་བྱའི་བསོད་ནམས་སྐྱ་རིངས་འཛུམས་པ་ལས། །
མཚན་དཔེའི་བཀོད་པ་ཉི་མའི་འོད་མདངས་བཞིན། །
འོལ་མོའི་གླིང་དུ་གཟུགས་སྐུ་མི་ཡི་ཚུལ། །
བསྟན་པའི་འགྲོ་འདྲེན་རྒྱལ་བ་གཤེན་རབ་འདུད། །ཅེས་པ་ལྟ་བུའོ།
དེ་ལ་དྲུག་ཚིག་བདུན་ཚིག་སོགས་རྣམ་གྲངས་མང་ཞིག་ཡོད་པ་ཡིན་པས་སོ། ཡང་ཚིགས་བཅད་ལ་ཚིག་འབྲུ་ཉེར་བདུན་དང་། དེའི་ཡན་གྱི་ཚིག་མང་བ་ནི་ཚིག་ལྷུག་ཏུ་བཤད་ཀྱང་དེ་ལྟར་སྲིད་པ་ཙམ་ཡོད་ཀྱང་ཁྱབ་པ་མེད་པས་སོ། ཚིག་ལྷུག་ནི། དཔེར་ན།
ཁ་སོང་།
གྲང་སུལ་སུལ་གྱི་དུས་ཚིགས།
སྟོན་གྱི་ལྡོང་ལོ་རེ་རེ་རླུང་གིས་སྐྱོད་བཞིན་པའི་ནམ་ཟླ།
དེ་ནི་ཁ་བ་བབ་པའི་ནང་མོ་ཞིག
ཞེས་པ་འདི་ལྟ་བུ་སྟེ་ཚིག་རྐང་གོང་འོག་གང་གི་ཆ་ནས་བལྟས་ན་ཚིག་གྲངས་མི་འགྲིགས་པའི་ཚིག་སྦྱོར་ལ་ཚིག་ལྷུག་མ་རུ་འདོད་པ་འགའ་མ་སྣང་ཡང་སྙན་ངག་གི་སྐབས་སུ་དེ་ལྟར་གྱི་ཚིག་སྦྱོར་ལ་ཚིག་ལྷུག་ཞེས་སུ་འཇོག་ཆོགས་ཏེ་དེང་དུས་སུ་སྙན་ངག་དེ་ལྟ་བུ་ལ་རྩོམ་པ་པོ་འམ་སྙན་ངག་པ་དག་གིས་ལྷུག་བརྗོད་དམ་ཚིག་ལྷུག་ཅེས་སུ་འབོད་པའི་ཕྱིར། ཚིག་སྤེལ་མ་ནི་གོང་གི་ཚིག་བཅད་དང་ཚིག་ལྷུག་གཉིས་བསྲེས་པའི་ཚིག་སྦྱོར་ཅིག་ལ་ངོས་འཛིན་རྒྱུ་ཡིན་ལ་དེ་ཡང་དཔེ་ཙམ་ཞིག་བཀོད་ན།
གངས་ཅན་སྨན་ལྗོངས་ཀྱི་སུལ་དུ། །
འདོད་དགུའི་གྲུ་ཆར་དེ་འཇོ་བའི། །
གཏམ་སྙན་གྱི་རོལ་མོ་འཁྲོལ། །
བཀྲ་ཤིས་ཀྱི་ཁ་གཡང་འབོད། །ཅེས་ལྟ་བུའོ་ཞེས་སྙན་ངག་ལུས་ཀྱི་རྣམ་བཞག་རེ་ཞིག་བསྟན་ཟིན་པའོ།
གཉིས་པ་སྲོག་གི་རྣམ་བཞག་ནི། རིན་ཆེན་ལྡེའུ་མིག་ལས། མིང་ཚིག་ཡི་གེ་གང་རུང་སྒྲས། །བརྗོད་རུང་ལུས་རྒྱན་འཁྱག་རྟེན་སྲོག །ཞེས་པ་ལྟར། བརྗོད་བྱེད་ཀྱི་ཚིག་སྦྱོར་གྱིས་བརྗོད་པར་བྱེད་པའི་ཡུལ་དེ་ཉིད་ལ་སྲོག་ཞེས་སུ་འདོད་ཅིང་། དེ་ནི་སྲོག་ཙམ་དུ་འདོད་པ་ལས་སྙན་ངག་གི་སྐབས་སུ་སྲོག་གི་དོན་ནི་དེ་ཙམ་གྱི་མཚོན་མི་ཐུབ་སྟེ། སྙན་ངག་གི་སྐབས་སུ་སྲོག་ནི་ལུས་དང་རྒྱན་གཉིས་ཀྱིས་མཚན་ཉིད་ལྡན་པའི་བརྗོད་བྱེད་ཅིག་གིས་རྗོད་པར་བྱ་བའི་གཞི་ཞིག་ལ་ངོས་འཛིན་པ་ལ་ལེགས་པར་སེམས། དེའི་ཕྱིར་ཞིབ་ཏུ་བལྟས་ན་སྙན་ངག་གི་སྐབས་ཀྱི་སྲོག་དང་གོང་གིས་མཚན་ཉིད་ཀྱི་བསྟན་པའི་སྲོག་གཉིས་ཀྱི་བར་ལ་ཁྱད་པར་ཞིག་ཀྱང་ཡོད་དེ། སྙན་ངག་གི་སྐབས་ཀྱི་སྲོག་ཡིན་ན། ཚིག་སྦྱོར་སྙན་ཞིང་འཇེབ་པ་ཞིག་གིས་རྗོད་པར་བྱ་བའི་གཞི་ཡིན་དགོས་ལ་གོང་གི་མཚན་ཉིད་ཀྱིས་བསྟན་པའི་སྲོག་ནི་དེ་ལྟར་ཡིན་མི་དགོས་པའི་ཕྱིར།
གསུམ་པ་རྒྱན་གྱི་རྣམ་བཞག་ནི་ཡང་རིན་ཆེན་ལྡེ་མིག་ལས། བརྗོད་བྱའི་དོན་དེ་བཟང་པོར་འདོད། །ལུས་སྲོག་མཛེས་བྱེད་རྒྱན་ཙམ་ལ། །ཞེས་བརྗོད་བྱེད་སྙན་ཞིང་འཇེབ་པ་ཞིག་ལ་ཟེར་ཞིང་། ལྷག་ཏུ་ལུས་སྲོག་མཛེས་བྱེད་རྒྱན་ཙམ་དུ་བཞད་པ་ལྟར། ལུས་དང་སྲོག་གཉིས་ཀྱི་རྒྱན་ཆ་ལྟ་བུ་འམ་མཛེས་པར་བྱེད་པའི་ཚིག་སྦྱོར་ཅིག་ལ་ཟེར་ཞིང་། དེའི་སྐབས་སུ་མཛེས་བྱེད་ཅེས་པ་ནི་ལུས་སྲོག་གཉིས་ལ་རྟེན་པའི་རྒྱན་དེས་གང་གོ་བར་བྱ་བའི་གཞི་དེའི་ཀུན་གཞིའི་སྟེང་དུ་གཏིང་ཟབ་པའི་བག་ཆགས་ཤིག་འཇོག་ཐུབ་པར་བྱེད་པའི་དོན་དུ་འཐད་པར་སྣང་། དེ་ལྟར་ངོ་འཛིན་བྱས་པའི་རྒྱན་ལ་སྙན་ངག་གཞུང་དེ་དག་ལས་བྱུང་བའི་རྣམ་གྲངས་རག་རིམ་ཙམ་ཞིག་བཤད་ན། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ་དུ་བཤད་ཡོད། དེ་ནི་སྙན་གཞུང་རིན་ཆེན་ལྡེ་མིག་དང་། དཔལ་ཚུལ་སྙན་གཞུང་དབྱངས་ཅན་སྙིང་གི་ཐེག་ལེ་སོགས་ལས་བསྟན་པ་ལྟར་བཀོད་པ་ཡིན་ཞེས་སྙན་ངག་ལུས་སྲོགས་རྒྱན་གསུམ་གྱི་རྣམ་བཤད་ཅུང་ཙམ་ཞིག་བསྟན་ཟིན་ཏོ། ༢༠༡༡ ༡༡ ༡༢ཉིན་འཇུག་གྲུབ་པར་བྱས།
- ཟིན་ཐོ་གོང་མ།བོད་ཆེན་པོའི་བོན་དང་སྲིད། ༼ ༡ ༽
- ཟིན་ཐོ་འོག་མ།དད་སེམས་ཀྱིས་དཀྲོལ་བའི་རྔ་དབྱངས།
ཐུགས་འགལ་མེད་པར་ཞུ། སྐྱོན་བརྗོད་ནམ་བསམ་ཚུལ་ཙམ་ཞུ་ཆོག་པར་གྱིས། དང་པོའི་མཆོད་ཚིག་དེ་༼མཚན་དཔེ་ཨུཏྤལ་དཔར་གསར་པའི་འདབ་ཕྲེང་ཟུང་། །༽ཞེས་པ་དེ་ག་རེ་རེད། གཞན་ཀུན་དགུ་ཚིག་ཡིན་ལ་ཐོག་མའི་ཚིག་དེ་དམིགས་བསལ་ཅན་ཞིག་འདུག ཁྱོད་ཀྱིས་ཐོག་མའི་ཚིག་རྐང་དེ་ལ་དམིགས་བསལ་ཕུལ་བ་མིན་ན་དེ་འདྲ་ཞིག་ཡོད་པ་མ་རེད་ལགས།
སྤྱིར་སྡེ་དགེ་བ་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུངས་པ་བཞིན་བོད་ལ་༼ཨུཏྤལ་༽ཞེས་པའི་དོད་དུ་༼ཨུ་དཔལ་༽ཞེས་འབྲི་དགོས་པ་དང་བྲིས་ན་རྒྱན་རབས་གསུང་ཡོད་པ་མཁས་པའི་ཞལ་གསུང་དུ་འཁུམས་སོ་ལྷག་བསམ་ཟོལ་མེད་དང་བཅས།
འདི་ཡང་སྨན་རིའི་སློབ་གཉེར་བ་ཞིག་གིས་གུས།
བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།