རྒྱལ་ཁམས་འདི་གླུ་རུ་སྒྱུར་འདོད།།
བསམ་བློ་ཡི་ཁ་ཕྱོགས་ཐད་དུ།།
སྨྲ་བརྗོད་ཞིག་རང་དབང་ཡོད་ན།།
ཚོར་སྣང་དེ་དམར་རྗེན་ཕུད་དེ།།
རྒྱལ་ཁམས་འདི་གླུ་རུ་སྒྱུར་འདོད།།
ན་དམར་གྱི་མེ་ཏོག་གསེབ་ན།།
ནོར་ལུག་དང་རྩེད་གར་སྡེབ་པའི།།
འབྲོག་ཕྲུག་ཚོ་གླུ་སྒྲའི་གསེང་ནས།།
སྙན་ངག་གི་འོ་དྲི་འཐུལ་ཤོག།
དཔྱིད་དཔལ་གྱི་ལྗང་བུའི་ཚལ་དུ།།
འབྲས་བཟང་གི་སྙེ་ལོ་འཐུ་བའི།།
རོང་ཕྲུག་ཚོ་གོམ་སྟབས་བར་ནས།།
སྙན་ངག་གི་རྩམ་དྲི་འཕྱུར་ཤོག།
ཕྲ་ལྡེམ་དང་ལུས་ཤ་དཀར་ཞིང་།།
རེག་འཇམ་གྱི་ཚ་དྲོད་མཆེད་པའི།།
ཡིད་འཕྲོག་མ་གངས་རིའི་བུ་མོ།།
སྙན་ངག་གི་ལང་ཚོ་ངོམ་ཤོག།
སེམས་ཁོང་ན་མཛའ་བའི་སྙིང་སྡུག།
གྱེས་བྲལ་གྱི་ན་ཟུག་ལྕི་བའི།།
རོགས་མེད་ཀྱི་ཁེར་རྐྱང་འཁྱམ་པོ།།
སྙན་ངག་གི་མིག་ཆུ་བཞུར་ཤོག།
ལོ་ཆུང་གི་རྩེད་རའི་ཁྲོད་ནས།།
ལུས་སེམས་དེ་དགའ་སྤྲོས་ཁེངས་པའི།།
གཤིས་བཟང་གི་བུ་དང་བུ་མོ།།
སྙན་ངག་གི་དགོད་སྒྲ་ཁྲོལ་ཤོག།།
གནམ་འོག་གི་འཇིག་རྟེན་འདི་ལ།།
དགའ་སྐྱོ་དང་ཆགས་སྡང་ཁྲོད་དུ།།
སྐྱིད་སྡུག་གི་འཚོ་བ་རོལ་ཞོར།།
སྙན་ངག་གི་ཚེ་སྲོག་གླེང་ཤོག།
རང་རྩལ་གྱི་བསམ་བློའི་གྲུབ་ཆ།།
དྲང་པོ་རུ་སྨྲ་བར་འདོད་ན།།
ཚིག་གསར་གྱི་གོ་ས་འགོག་པའི།།
མངོན་བརྗོད་དེ་དགོས་དོན་ཅི་ཡོད།།
རྣམ་རྟོག་གི་དྲན་འཆར་གསོན་པོ།།
སྡེབ་ལེགས་ཀྱི་དབྱངས་ལ་བསྐྱོན་དང་།།
གང་དྲན་གྱི་ཚིག་འཁྱམ་དེ་ལ།།
སྙན་ངག་གི་རིན་ཐང་མངོན་སྲིད།།
བརྗོད་མཁན་གྱི་བསམ་བློའི་གཤིས་དང་།།
སྨྲ་མཁན་གྱི་ལྟ་བའི་ཕྱོགས་གཉིས།།
མཐུན་གྲུབ་གྱི་ཚིག་སྦྱོར་རིགས་ལ།།
བྲོ་བ་ནི་ཧ་ཅང་ཆེར་སྙམ།།
འབྲིང་རྒྱུད་པས་ ༢༠༡༢ལོའི ༦ ཚེས ༢༡ ཉིན་སློབ་གླིང་དུ་བྲིས།།
- ཟིན་ཐོ་གོང་མ།སུན་སྣང་འོག་གི་ལོ་ཟླ།
- ཟིན་ཐོ་འོག་མ།གྲྭ་ས་བ།