ཁྱུང་ཡུལ་སྟོད་ཀྱི་སྒྲ་བླ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ།།
ཡ་ཐོག་སྲིད་པ་ས་ལ་ཆག་ནས་འཇིག་གནས་སྟོང་པ་གྲངས་མང་ཡང་།།
སྐལ་མེ་བདུན་གྱིས་བཞུ་བར་མ་ནུས་གནམ་འདེག་གངས་ཀྱི་རི་བོ་དེ།།
ཁྱུང་ཡུལ་སྟོད་ཀྱི་སྒྲ་བླ་དར་མ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ཞེས།།
གཡུང་དྲུང་བོན་གྱི་གྲོགས་ལ་ཕེབས་པའི་དཀར་ཕྱོགས་སྐྱོངས་པའི་ཡུལ་ལྷ་ཞིག།
གཙང་རིགས་ལྷ་ཚོགས་སྟོང་གི་གསས་མཁར་ཞང་བོད་སྲིད་པའི་བླ་རི་དང་།།
འཛམ་གླིང་དམུ་ཞག་གཡང་དུ་ཆགས་པའི་དཀར་ནག་སེར་པོའི་ཕྱུག་རི་ཡིན།།
རྟ་ནོར་ལུག་གསུམ་འཕེལ་ཁ་རྒྱས་པའི་ཕྱུག་པོ་ཚང་གི་གཡང་རི་དང་།།
ས་ཡ་དྲུག་པོ་ལས་རླུང་དར་བའི་བཙན་པོ་ཚང་གི་རྒྱལ་རི་ཡིན།།
གཞུང་བརྒྱ་སྨྲ་ལ་རིག་རྩལ་རྒོད་པའི་མཁས་འཛངས་སྐྱེས་བུའི་མདུན་རི་དང་།།
དཔའ་བོ་འཁྲུངས་ཤིང་མཛེས་མ་འཚར་སའི་སྦྲ་ནག་འབྲོག་སྡེ་རྒྱབ་རི་ཡིན།།
དུས་བཞི་གང་ལ་འགྱུར་བ་མེད་པར་གངས་དཀར་རྩེ་མོ་དགུང་ལ་སྙེགས།།
དབྱར་གསུམ་བསིལ་བའི་ཟིལ་པ་འཐོར་ཞིང་དགུན་གསུམ་དྲོ་བའི་སྨུག་རླངས་འཕྱུར།།
སྟོན་གསུམ་བ་མོས་སེར་མདོག་མི་ཐེབ་དཔྱིད་གསུམ་ལྗང་མདོག་སྟོན་མི་སྲིད།།
གངས་འདབས་ལ་ལུང་རྫ་སྤང་གསེང་ནས་རིག་ཆབ་ཆུ་མོ་ལྷུང་ལྷུང་འབབ།།
ལྷ་ཤུག་གཡུ་ལོའི་རྫོང་ཆེན་ཁྲོད་ན་བྱ་བྱིའུ་ཁུས་ཟུག་དིར་དིར་སྒྲོགས།།
གཡས་གཡོན་མཐོན་པོའི་བྲག་དཀར་རྩེ་ནས་ཁྲ་གླག་རྒོད་པོས་ལྡིང་རྩལ་འགྲན།།
ལ་འགག་ལུང་འགག་ས་བཙན་དེ་རུ་གཅན་སྤྱང་འཕར་བའི་རྒྱུག་འདུར་རྒོད།།
ཉིན་ཀྱི་གཡའ་སྤང་འདྲ་འདྲེས་ངོག་ན་རྣ་བ་རྒོ་བ་ཚོམ་ཚོམ་འཁྲ།།
སྲིབ་ཀྱི་སུ་རུ་གླང་མའི་གསེང་ན་ཤ་ཕོ་སྟོང་ཁྱུ་འགྲོག་ལ་ཁད།།
རྩ་ཐང་ན་དམར་མེ་ཏོག་དཀྱིལ་ན་རྟ་མཆོག་ནོར་ལུག་ཁྲི་དང་འབུམ།།
ཕུན་ཚོགས་འདོད་དགུས་བང་མཛོད་གཏམས་པའི་སྐྱིད་པོ་སྤ་ཟླའི་སྡེ་བ་ཚོས།།
ལོ་ཟླ་གསར་པའི་ཚེས་བཟང་དུས་ལ་སྒྲ་བླའི་གསོལ་ཁ་ཁྱེད་ལ་བྱེད།།
བྱ་སྤུ་བལ་མཚོན་ཟབ་ཀྱིས་བརྒྱན་པའི་མདོས་ཆེན་དཀར་པོ་གཞི་ལ་གཤམས།།
སྨན་དང་རག་རྟའི་མཚོ་མོ་བསྐྱིལ་ཞིང་འབྲུ་བཤོས་གཏོར་མའི་ཕུད་ཀྱིས་མཆོད།།
བསང་དང་རླུང་རྟའི་བར་སྣང་བཀངས་ཏེ་ཀི་བསོའི་ལྷ་རྒྱལ་སྟོང་གི་བསྟོད།།
ཚེ་གཡང་ནོར་གྱི་གཏེར་ཁ་སྩོལ་བའི་ཡུལ་ལྷ་ཁྱོད་ཀྱི་སྡོང་གྲོགས་ལ།།
ཡ་མེད་བརྣག་པའི་ཆོ་འཕྲུལ་སྟོན་ཏེ་སྡང་བའི་དགྲ་ལ་འཁྲོ་ཐེང་རེར།།
གྱད་རྡོའི་ཕ་བང་སོར་རྩེས་འཕང་སྟེ་ཡུལ་ཐེལ་ནག་པོ་རྒྱང་ཕུད་བཏང་།།
དཀར་མོ་ཞ྄་རྒྱལ་ཕྱི་སྒྱུར་སྟོན་མཁན་ཕ་ཝང་ཁ་པའི་ཁ་ལག་ཕྲལ།།
བོན་ཞ྄་དཀར་པོ་མི་ལ་མ་ཤོར་བོན་གཤེན་མཚེར་ས་རང་བཟུང་བྱས།།
ཕོ་རྩལ་སྣ་དགུ་ལུས་ལ་རྫོགས་པའི་གཞོན་སྐྱེས་རྟག་ཤར་དར་མ་ཚོས།།
འདྲ་འདྲའི་བུ་ལ་དཔུང་པ་གཤིབ་ན་རྒྱལ་ཁའི་རྟགས་མ་ཁྱེད་ཀྱིས་སྤྲད།།
ཕྲ་ལྡེམ་ལུས་ཀྱི་སྒྱུ་རྩལ་ངོམ་པའི་གཤིས་བཟང་འཛུམ་ལྡན་བུ་མོ་ཚོས།།
མཛེས་མའི་ཁྲོད་ལ་སྐྱེས་གཟུགས་བསྡུར་ན་དང་པོའི་ཨང་ཀི་ཁྲོམ་ནས་ལེན།།
དབྱངས་གསལ་ཀ་ཁའི་སློབ་གྲ྄ལ་བསྐྱོད་པའི་ལོ་ཆུང་ཨ་ཉོག་སོ་ལི་ཚོ།།
སྤྱང་གྲུང་འཛོམས་ཤིང་ལ་རྒྱ་ཆེ་བ་རང་གཤིས་རྣལ་མའི་རིག་རྩལ་མྱུར།།
ལྷོ་གླིང་ལྗོངས་འདིར་གྲགས་དཀར་མཆེད་པའི་གནས་ཆེན་སྤུ་རྒྱལ་གངས་ཀྱི་རི།།
༢༠༡༣།༥།༥།
- ཟིན་ཐོ་གོང་མ།བཟུར་ནས་འགྲོ་ཡ།།
ལང་མཚོའི་མེ་ཏོག་གསར་བཞད་པའི།།
འབྲིང་རྒྱུད་རིག་པའི་དཔའ་བོ་དེས།།
གསོན་ཉམ་ལྡན་པའི་རྩོམ་བཟང་འདི།།
མཛེས་མཛེས་ཚིག་གི་སྡེབ་སྦྱོར་མཛེས།།
སྙན་སྙན་རྣ་བའི་བུ་རམ་ཞིམ།།
རྔམ་རྔམ་སྤུ་རྒྱལ་རང་གཤིས་རྔམ།།
འདྲིས་འདྲིས་ཆེ་བའི་མཆེད་གྲོགས་ངས།།
བསྟོད་བསྟོད་འབྲིང་རྒྱུད་རྩོམ་ལ་བསྟོད།།
ཐེངས་གཅིག་མིན་པ་བསྟོད་ངེས་ཡིན།།
ད་དུང་ད་དུང་འདི་འདྲའི་རྩོམ།།
མུ་མཐུད་མང་ཙམ་སྤེལ་རོགས་གྱིས།།
མཁར་པ་ཚང་གི་མཇལ་ངེས་ཡིན།།
སློབ་གྲལ་གནས་པའི་བསོད་བློ་ནས།།
དགའ་མོས་ཡི་རང་ཞུ་བཞིན་བྲིས།།
སྟེང་གི་བསོད་བློ་མས།།
ཉན་ན་རྣ་དབང་གསོ་བའི་བདུད་རྩི་སྟེ་
གནས་མཆོག་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ཡི་
སྙན་པའི་བསྟོད་ཚིག་སྤེལ་བ་དགའ་བསུ་ཞུ་
རྨུ་ར་རྒོད་ནས་