གྲྭ་ས་བ།།
ས་སྟེང་གོ་ལ་ཧྲིལ་པོའི་ཕྱོགས་གང་ནས།།
འདྲིས་དང་མ་འདྲིས་ཤར་ནུབ་མི་རིགས་སྟོང་།།
མ་བོས་ལྷན་འཛོམས་དམར་སེར་སྡེ་བའི་ཁྱུ།
ཞི་མཐུན་མདུད་བརྒྱ་དམ་པའི་གྲྭ་ས་བ།།
སྲིད་དང་རྒྱུད་པས་གོ་ས་མ་བླང་ཞིང་།།
བློ་གསར་མགོ་ཟླུམ་ཚོགས་པའི་མར་གཤམ་ནས།།
གཞུང་ལུགས་མཁྱེན་དཔྱོད་ཡངས་པའི་འབྲས་རྟགས་ཀྱིས།།
མང་འདུས་གྲལ་གོང་ཕེབ་མཁན་གྲྭ་ས་བ།།
བཙན་པོ་ཡིན་ཟེར་མཐོ་ལ་མཆོང་ས་མེད།།
གཉོམ་ཆུང་ཡ་རབ་དམའ་ལ་སྙིགས་དོག་མེད།།
སྒྲིག་ལམ་མདའ་ཡིས་ཕྱེས་པའི་རིས་ཁ་ནས།།
ཡང་པའི་གོམ་སྟབས་བསྒྱུར་མཁན་གྲྭ་ས་བ།།
ངེས་མེད་གནས་ཡུལ་འགྲིམ་ཡང་རང་སྣང་སྤྲོ།།
འཚོ་བ་ཙམ་རྐྱང་ཞིག་གིས་ལུས་ཉམས་བརྒྱགས།།
ལུས་གོས་སྔོ་དམར་སེར་གྱིས་གཞན་ཡིད་འཕྲོག།
རང་སེམས་སྐྱིད་ལ་འཁོད་པ་གྲྭ་ས་བ།།
རི་ཆུ་སྟོང་ཕྲག་བརྒལ་ལ་ཉམས་མི་ང་།།
གཞན་དོན་སྲོག་ལ་ཐུག་ཀྱང་འཆི་ཕོད་པ།།
བསྟན་ལ་ལྷག་བསམ་དཀར་བའི་མི་བུ་དེ།།
ལོ་ཆུང་སྙིང་སྟོབས་ཆེ་བ་གྲྭ་ས་བ།།
རིགས་རུས་མཐོ་ཞེས་ཁྲི་ལ་མི་འདེགས་ཤིང་།།
སྤྲུལ་པའི་སྐུ་ལོ་སྒོར་གྱིས་མི་བསུ་བར།།
བསླབ་གསུམ་དོན་དང་ལྡན་པའི་སྐྱེས་མཆོག་གང་།།
མོས་འདུན་བློ་ཡིས་བཀུར་མཁན་གྲྭ་ས་བ།།
མི་ཚེ་གཅིག་གི་བདེ་སྐྱིད་ཁོ་ན་དང་།།
གླ་ཕོག་ཆེད་དུ་གཞུང་བསྐྱོད་སློབ་གྲྭ་བར།།
ཕུག་བསམ་མི་མཐུན་འདི་ཕྱི་གཏན་བདེའི་དོན།།
འཛེམ་མེད་ངལ་བརྒྱས་གཉེར་མཁན་གྲྭ་ས་བ།།
ཕ་དང་ཁུ་བོས་བརྩེགས་པའི་ཁང་བཟང་དང་།།
མ་དང་སྲུ་མོས་བསོགས་པའི་རྒྱུ་ནོར་ཡི།།
ཁྱིམ་བདག་ཞིག་གི་གོ་ས་མ་བཙལ་ཞིང་།།
གཞིས་འཁོར་ཁ་བྲལ་ཕོད་མཁན་གྲྭ་ས་བ།།
ཕྱི་གླིང་རྒྱ་གར་ཡུལ་ལ་སོང་ཡང་རུང་།།
རང་དབང་མི་སྟེར་རང་ལུས་འཆིང་པའི་ཐག།
སྙིང་ན་ཉེ་བའི་བུ་དང་ཆུང་མ་མེད།།
རང་བློ་ཁེར་གཅོད་ནུས་མཁན་གྲྭ་ས་བ།།
རང་ལྟ་གཅིག་པུ་མཆོག་ཏུ་མི་འཛིན་ཞིང་།།
འཛམ་གླིང་གཟུར་གནས་མཁས་པའི་སྤྱན་སྔ་རུ།།
བདེན་དོན་བློ་ཡིས་འཚོལ་བའི་དཔྱོད་ལྡན་དངོས།།
རྒྱལ་ཁམས་རིག་པས་བསྐོར་མཁན་གྲྭ་ས་བ།།
མཐོ་མིང་ཐོག་ཚད་མགོ་བོ་མི་སྒུར་ཞིང་།།
དམའ་སར་ལུས་ཚད་སྣ་གཉེར་མི་སྟོན་པར།།
དྲང་བདེན་ལས་དང་ཚུལ་མཐུན་སྤྱོད་པ་དེས།།
བཟང་ངན་མི་གཞི་འབྱེད་མཁན་གྲྭ་ས་བ།།
རྫིག་ཚད་མཛེས་ཚད་གྲོགས་སུ་བཀུག་མ་མྱོང་།།
ངན་ཚད་གཟན་ཚད་གཡོག་ཏུ་བཀོལ་བ་མིན།།
རང་ལུས་ཤོང་ཙམ་རང་ཤག་གྲུ་བཞིའི་ནང་།།
རོགས་མེད་ཁེར་འདུག་ཕེར་མཁན་གྲྭ་ས་བ།།
སྐབས་གསུམ་པའི་ཚད་མའི་རིག་སྒྲ་ཆེན་མོའི་དམ་བཅའ་གྲོལ་རྗེས་སུ་ཁྱུང་དཀར་འདུས་སྡེ་འཁྱིལ་བའི་གླིང་སྨད་འབོ་ཤིང་ལོ་མ་རྒྱས་པའི་རྩར་༢༠༡༢ ། ༦ ། ༢༩།ཉིན འབྲིང་གི་གཡུང་ཕྲིན་པས་བྲིས།།
- ཟིན་ཐོ་གོང་མ།རྒྱལ་ཁམས་འདི་གླུ་རུ་བསྒྱུར་འདོད།
- ཟིན་ཐོ་འོག་མ།ཤུགས་རྐྱེན་ཞིག་གིས་རང་ཚུཌ་ཤོར་བའི་མི་རིགས།
འདྲིས་པའི་སྙིང་གྲོགས་མ་སྙེད་ཆོས་སྒོར་ཞུགས།
ཆགས་པའི་ཀ་ཆེན་གྱེན་དུ་འགྲེངས་པ་ཡི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
རང་རྒྱུད་འདུལ་བ་འདུལ་བའི་ཆོས་ཡིན་ཀྱང་།
ཉོན་མོངས་བསྡམས་པ་སྡོམ་པའི་དོན་ཡིན་ཀྱང་།
མཇེ་སྡོམ་ཙམ་ལས་ཆགས་སྡང་མི་བསྡམས་པའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
ལྐོག་ན་ཆགས་པའི་མེ་ལྕེས་རང་རྒྱུད་ཚིག
ངོས་ན་དམར་སེར་གོས་ཀྱིས་གཞན་ཡིད་འགུག
བར་ན་དཀར་དམར་བདེ་བ་ཡིད་ཤོར་བའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
ཁྱིམ་ནས་ཁྱིམ་མེད་བྱས་པའི་དོན་གོ་ནི།
ཁྱིམ་པའི་ཁྱིམ་ཆས་དོར་བ་ཙམ་མིན་པ།
ཁྱིམ་གྱི་དགའ་སྟོན་གང་ལ་མི་ཆགས་པ།
དགོས་པ་མདོ་རྒྱུད་རྒྱ་མཚོའི་མཛོད་ལས་རྙེད།
རྒྱང་འཛིན་ནས
ལེ་ལོར་དགའ་བ་ལེ་ལན་སློག་བཞིན་སླེབས།
སྟོང་ཉིད་དགའ་བས་སྟོང་བདེ་རོལ་ཐེངས་རེས།
ལེ་ལོ་བ་རྣམས་ལེ་དབར་ཁྲི་མཚམས་བསྐྱུར།
སྟོང་དགས
སྟོན་པ་བྱོན་ནས་མི་ལོ་ཁྲི་སྟོང་རིང་།།
མཁས་ཚད་བཟང་ཚད་སྐུ་ཚེ་དེ་ལ་བསྐྱལ།།
འབྱོར་ཚད་ཕྱུག་ཚད་ཁྱོད་ཕྱིར་སོང་ཤུལ་ནས།།
སླར་ཡང་གྲྭ་པའི་སྐྱོན་ཡོན་གླེང་དགོས་ཅི།།
གཅིག་གིས་གྲྭ་ས་གཅིག་གིས་ཁྱིམ་ས་ཏེ།།
ལ་རྒྱའི་ཁ་ཕྱོགས་བཟུང་ནས་རྩོད་པ་ལས།།
རང་རང་སོ་སོའི་མི་ཡི་འཚོ་གནས་རུ།།
ལག་ལེན་དངོས་ཀྱི་ཕན་བདེ་རྩོམ་ཞིག་ཀྱེ།།
གོང་ནས་ཐད་ཀར་བཤད་པའི་གཏམ་ལེན་དུ།།
སྟོང་ཉིད་མཁན་གྱིས་ཕར་ཕྱོགས་འཁྱོགས་པར་སྙམ།།
རྒྱང་བསྐྱོད་མཁན་གྱིས་རང་ལ་སྨས་སམ་སྙམ།།
དོན་དུ་ཡིན་གཅིག་ཁྱེད་གཉིས་འདེད་དགོས་ཅི།།
དཔྱད་སྨྲ་བས།།
འདི་སླར་ཡང་ཐད་ཀར་བལྟས་པ་ཞེས་པའི་དཔྱད་གཏམ་ལ་མཐུད་ཏེ་ཀློག་དགོས།།
སྣང་ཞིང་སྲིད་པ་འཁོར་མོའི་རང་འགྲོས་དང་།།
འཚོ་ཞིང་གནས་པ་འགྲོ་བའི་གནས་བབ་ནི།།
གྲངས་དང་མིང་གི་ངེས་པ་ཚད་མེད་ཅིང་།།
ཡུལ་དུས་རང་བཞིན་རྟེན་འབྱུང་འབུམ་གྱིས་སྦྲུམ།།
རྒྱང་བསྐྱོད་མཁན་གྱིས་རང་ཉིད་བསྐྱོད་པའི་ལམ།།
རང་གིས་མ་བཤད་གཞན་མི་སུ་ཡིས་འཆད།།
འདི་ལ་སྟོང་ཉིད་མཁན་གྱིས་དཔྱད་པ་ཡང་།།
མི་བདེན་རྫུན་གྱི་ཕུང་གསོགས་ནམ་ཡང་མིན།།
གཏམ་འདི་ཁྱེད་གཉིས་མཆོད་པའི་བསྟོད་ཚོགས་མིན།།
དེ་བས་ཀྱང་ནི་སྨད་པ་ག་ལ་ལྟེ།།
རང་གིས་ཐད་དཀར་བལྟ་བའི་རང་དབང་ཡང་།།
རང་ལ་དབང་ཕྱིར་དཔྱད་སྨྲ་ལུགས་མཐུན་དངོས།།
སྔོན་ཚེ་རྒྱལ་བ་སྟོན་པ་བོད་དུ་བྱོན།།
དུས་དང་འཚམས་པའི་རིག་གཞུང་གསར་དུ་ཕྱེས།།
མཐོན་པོའི་མཐོན་པོ་འཛམ་གླིང་གོ་ལའི་རྩེར།།
ཤེས་རིག་དར་སྲོལ་འབུམ་གྱི་ཞིང་དུ་ངེས།།
བོན་གྱི་ཤེས་རིག་བོད་ཀྱི་ནོར་བུ་ཞེས།།
དེང་ན་མཁས་པ་ཆེན་པོའི་གསུངས་ལས་བྱོན།།
དེའི་ཕྱིར་དེ་ཡི་རྗེས་འབྲང་ཁྱེད་གཉིས་ཀྱང་།།
བདེན་དཀྲོལ་རྩོད་པའི་འབྲས་བུ་ལོས་ཀྱང་ཡོད།།
མི་རྣམ་རང་གི་རིག་པའི་རྩལ་ཁ་ལས།།
ཉི་ཟླ་གཟའ་སྐར་དུ་མའི་གོ་ལ་རུ།།
འགྲོ་འོང་འདུ་བྱེད་གླེང་སློང་དམུལ་བའི་དུས།།
དུས་དང་མི་འཚམས་
གསུང་འཕྲིན་བབས་ལ་བརྟགས་ན་ཅུང་ཙམ་ཞིག་མངོན་འདུག
འོན་ཏང་སྐད་ཆ་ཁ་སྤོབས་ཆེ་ཆེ་ཞིག་འདུག་པས།
ཞྭ་ནག་མི་མགོར་བསྐོན་པ་མང་མང་ཞིག་ཡོད་འདུག
ཐོས་བསམ་པ་ལ་སྨོད་པ་ནམ་མཁའ་ཡི་མེ་ཏོག
སྟོང་ཉིད་དགའ་བའི་རིགས་མའི་མགུལ་བ་རུ་བརྒྱན་སྐད།
རང་ཤོང་ལུང་ཕུག་བཞུགས་ན་ཕུན་ཚོགས་ཀྱིས་སྟོང་རབས།
དེ་ཡང་སྨོན་དྲུང་ཁྱེད་ཀྱི་གོ་ནོར་ཞིག་ལོས་ཡིན།
གནས་ཚོད་གཞིགས་ན་རྫུན་པའི་རང་གཟུགས་སུ་མངོན་པ།
མཐིང་འགྲོས་ཁོ་ནར་བསྐྱོད་པའི་མི་བུ་འགའ་མཐོང་དུས།
འཚོ་བ་དམར་རྗེན་ཕུད་པའི་ཚིག་འཕྲེང་འདི་ཤོར་ཐལ།
སྐྱོན་ཡོན་དོ་མཉམ་མིན་ཁར་ཉེས་པའི་ཚོགས་ལྕི་སྐབས།
དགེ་མཚན་ཉུང་བ་མཇལ་བའི་ཤེས་རབ་ཅིག་རྙེད་ཀྱང་།
ཡོན་ཏན་ཅན་གྱི་དབང་ཐང་མེད་པ་ལ་བཀབ་པ།
སྤྱི་ཚོགས་མུན་ནག་འགྱུར་བའི་སྔ་ལྟས་ཤིག་མིན་འགྲོ
བདག་གིས་ཉུང་ལས་མེད་ཅེས་ལབ་པ་ཡང་མིན་པ།
ཐད་ལྟའི་དཔྱད་སྨྲ་བས་ཀྱང་མ་མཐོང་པ་བདེན་ན།
ཁྱོད་ཀྱང་རྫུན་མའི་རྒྱབ་ཏུ་འགྲེངས་མཁན་ཞིག་ཡིན་པ།
སྟོང་ཉིད་དགའ་བའི་རིག་ངོར་ཁྲ་ལམ་གྱིས་ཤར་སོང་།
རྒྱ་གྲོང་འདྲེས་མའི་བར་འཚམས་ནས།།
ཡ་གའི་དགོན་ལ་བལྟས་པའི་ཚེ།།
དམར་སེར་འདུས་སྡེའི་ཚོགས་དབུས་ནས།།
བཙུན་ཆུང་རྒྱང་དུ་བསྐྱོད་པ་མཐོང་།།
དེ་དང་དེ་ཡི་དུས་མཚུངས་སུ།།
རྒྱལ་ཁམས་སྟོང་ཉིད་དགའ་བ་ཡང་།།
ངེས་མེད་གནས་ཀྱི་གྲོང་གསེང་ནས་།།
རྒྱང་བསྐྱོད་མཁན་ལ་རྒྱང་འཕྲིན་བསྲིངས།།
རྒྱང་བསྐྱོད་མཁན་གྱི་རྒྱང་འབོད་ལ།།
སྟོང་ཉིད་དགའ་བས་སྟོང་སྒྲ་བསྒྲགས།།
སྟོང་ཉིད་དགའ་བའི་སྟོང་གཏམ་ལ།།
རྒྱང་བསྐྱོད་མཁན་གྱིས་གཏམ་ལན་སྤྲད།།
མགོ་ཟླུམ་བཙུན་པའི་ཁྱུ་ཚོགས་ལ།།
གཅིག་གིས་ཡོན་ཏན་ཆ་ནས་གླེང་།།
གཅིག་གིས་སྐྱོན་གྱི་ཆ་ནས་བཤད།།
སོ་སོའི་ས་ནས་ང་རྒྱལ་ལོ།།
རང་རང་ཁོ་ན་བདེན་མདོག་གིས།།
ངར་ངར་ཤོར་ཤོར་གཏམ་རེ་འཆད།།
རིག་པ་སྨྲ་བའི་མིག་སྔ་རུ།།
རང་བློ་རྣལ་མ་བབ་ཐལ།།
དཔྱད་སྨྲ་བས།།
དགོན་ན་མི་བཞུགས་ཁྲོམ་ལ་འཁྱམ།།
ཕྱག་དཔེར་མི་གཟིགས་ཞལ་པར་རྩེད།།
ལྷ་སྐུ་མི་སྒོམ་མཛེས་མ་དྲན།།
མཚང་ལ་ཕོག་པའི་ཚིག་ལ་འཁྲོས་ལུགས།
སྙན་ངག་སྨྲ་བའི་འགན་འཁྲི་ཐེག་མདོགས།
མུན་ནག་བྱ་སྤྱོད་ཡོལ་བས་གཡོག་ལུགས།
འགལ་མཐུན་གཉིས་པོ་གཞི་གཅིག་རུག་རབས།
སློབ་གླིང་ཞིག་ཏུ་འུར་བཞིན་ཡོད་མདོགས།
ཁྱི་ལ་སེང་རིས་གཡོག་པ་མོས་ལུགས།
རྩོམ་རིག་བཀླགས་པའི་ཚོར་སྣང་སྐྱེན་མདོགས།
བརྗོད་གཞིར་མ་བརྟགས་འཕྱ་སྨོད་མོད་ལུགས།
འཚོ་བ་དངོས་གཤིས་རྟོགས་འདོད་མེད་པའི།
རྩྭ་མགོ་རླུང་གིས་བསྐྱོད་པའི་ཟླ་ཁྱེད།
མི་དུས་གཉིས་ཀྱི་སྣེ་ཁྲིད་ནུས་པའི།
སྙན་ངག་སྨྲ་བའི་གྲས་སུ་མིན་པ།
ལན་སློགས་ཚིག་གི་ནུས་པས་རྟོགས་ཐུབ།
གྲྭ་ས་བ་ལ་དགེ་མཚན་མང་བ།
མཁས་གྲུབ་གོང་མས་མཚོན་པར་ནུས་ན།
དེང་རབས་གྲྭ་ས་དགེ་མཚན་ཉུང་བ།
འཚོ་བ་དངོས་གསལ་འདི་ལས་ཅི་ཞིག
སྙན་ངག་བཟང་པོ་མོས་པ་ཡོད་ཚེ།
འོད་གསལ་སྤྱི་ཚོགས་མཐེ་བོང་བསྒྲེངས་ནས།
མུན་ངག་སྤྱི་ཚོགས་ཐེར་འདོན་དགོས་ལས།
དྲོ་མིན་གྲང་མིན་ལོང་བསྙབས་བྱེད་པས།
མི་སེམས་སྒུལ་བསྐྱོད་གང་ཡང་མི་ནུས།
རྒྱལ་ཁམས་པས།
དམངས་ཀྱི་རྒྱུ་ནོར་འདོན་ཆོག་ཕྲན་བུས་བསྡུ། །
སྲིད་པའི་མཛེས་པ་ལྐོག་ནས་འཕྲིན་བརྡས་འགུག
འཚེ་མེད་ཆོས་ཟབ་ཁབ་མིག་ཁ་ནས་བསྒྲགས།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
བརྩེ་བའི་ཕ་མ་མ་འདོད་ལ་ལུང་བརྒལ། །
འདྲིས་པའི་སྙིང་གྲོགས་མ་སྙེད་ཆོས་སྒོར་ཞུགས།
ཆགས་པའི་སྡོང་རྒན་རྩ་བ་མ་ཁོགས་པའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
ངེས་འབྱུང་སེམས་ཀྱི་གཡོབ་མོས་མ་བསུས་པས།
སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ལ་མ་འབྱོངས་ཤིང་།
དུས་པོ་ཆེ་ལ་ཁྱི་རྒན་ལས་སྐྱོ་བའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
དམར་མོའི་རྒྱུ་ལ་སྙིང་ནས་གཅེས་འཛིན་རྒོད།
ཡང་དག་བསྟན་པ་ཁ་ཕོ་ཙམ་གྱིས་བཟུང་།
རྒྱ་གྲོང་གང་ཡག་ཁྱི་འཁྱམ་ལྟར་ཉུལ་བའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
ཞག་རེ་སྐྱབས་བློ་ཐེངས་རེ་མི་དྲན་པས།
ལོ་རེ་དགེ་བ་ཡང་དག་རེ་དཀོན་ཡང་།
ཉིན་རེ་བརྒྱ་ལོ་དམར་པོ་རེ་སྡུད་པའི། །
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
རང་རྒྱུད་འདུལ་བ་འདུལ་བའི་ཆོས་ཡིན་ཀྱང་།
ཉོན་མོངས་བསྡམས་པ་སྡོམ་པའི་དོན་ཡིན་ཀྱང་།
མོ་སྡོམ་ཙམ་ལས་ཆགས་སྡང་མི་བསྡམས་པའི།
དེང་རབས་གྲྭ་ས་བ་ཚོ་དགེ་མཚན་ཉུང་། །
རྒྱལ་ཁམས་པ་སྟོང་ཉིད་དགའ་བས་བྲིས
ཡ་ངས་གཏོར་བའི་ཚ་ཆུ་དེ་སྟོང་མིང་པའི་རྨ་ཁར་སོང་བ་འདྲ།ཧཧ བྱེད་བྲག་འགའི་རྐྱོན་དེ་སྤྱི་ལ་བརྗོད་ལུགས་ལ་བལྟས་ན་རྒྒྱལ་ཁམས་པའི་བེམ་རོ་ལ་ཤིག་གིས་བསད་པའི་ལུང་ཁུག་གི་རྣམ་ཤེས་འཁྱམས་པོ་ཞུགས་པའི་ཤི་འདྲེ་ནུས་མེད་ཅིག་མ་ཡིན་ནམ།། རྐྱོན་བརྗོད་ཆོག་ཀྱང་བརྗོད་ལུགས་ཤེས་དགོས་ལེ་རེད།།