བཟུར་ནས་འགྲོ་ཡ།།
ཤ་རུས་གངས་ལས་ཆད་ཅིང་།
སྐད་དང་ཆ་ལུགས་བསྐྱུར་བའི།
གླད་མེད་གསར་བུ་ཁྱོད་ཀྱིས།
ང་ལ་སྣ་གཉེར་མ་བྱེད།
འབྱོར་དུས་མགྲོན་དུ་བསུས་ཏེ།
རྒུད་ཚེ་དགྲ་རུ་ལང་པའི།
གཏད་མེད་གྲོགས་པོ་ཁྱོད་ཀྱིས།
ང་ལ་སྤྲེལ་ལད་མ་འཁྲབ།
ངོ་ནས་འཛུམ་བརྒྱ་དཀྲོལ་ཞིང་།
ཁོག་ན་བརྩེ་བ་ཟད་པའི།
གཡོ་ཅན་བུ་མོ་ཁྱོད་ཀྱིས།
ང་ལ་བསླུ་བྲིད་མ་གནང་།
ཚེ་རོགས་བྱེས་ལ་འགྲོ་ཚེ།
ཕོ་ཡན་གྲོགས་སུ་བརྩལ་བའི།
གྲོང་ཁྱེར་རྒས་མོ་ཁྱོད་ཀྱིས།
ང་ལ་ཟུར་ལྟ་མ་བྱེད།
ནད་ལ་བརྟག་པ་ཕར་ཞོག
སྨན་གྱི་མིང་ལ་རྨོངས་པའི།
ནོར་འདོད་ལྷ་རྗེ་ཁྱོད་ཀྱིས།
ང་ལ་སྨན་ཁབ་མ་རྒྱག
ཕྱི་ལ་གཟན་ཤམ་གྱོན་ཞིང་།
ནང་དུ་སྡོམ་པ་མེད་པའི།
གྲ་རྫུན་བསྟན་བཤིག་ཁྱོད་ཀྱིས།
ང་ལ་མགོ་སྐོར་མ་གཏོང་།
ལུང་པའི་ཕུ་རུ་བསྡད་དེ།
ལོ་གྲངས་མཚམས་སྒོ་སྡམ་པའི།
མགོ་རིལ་འུ་ཐུག་ཁྱོད་ཀྱིས།
ང་ལ་ཁ་པར་མ་རྒྱག
ཡར་ལ་རྒྱུ་འབུལ་མེད་ན།
མར་ལ་ལྟ་རྟོགས་མེད་པའི།
གོང་གྲལ་དཔོན་ངན་ཁྱོད་ཀྱིས།
ང་ལ་ཆད་པ་མ་གཅོད།
ཐོས་བསམ་ཉིན་གཅིག་མ་ནུས།
ཐུགས་དམ་རྒྱོ་ལ་འཛིན་པའི།
སྡོམས་མེད་རུས་བླ་ཁྱོད་ཀྱིས།
ང་ལ་འཕོ་བ་མ་འདེབས།
ཉམ་ཐག་འགྲོ་བ་ཕལ་ཆེར།
གདུལ་བྱའི་གྲལ་དུ་མ་མཁོ།
སྒོར་མོའི་སྤྲུལ་ལོ་ཁྱོད་ཀྱིས།
ང་ལ་ཆོས་བཤད་མ་བྱེད།
ཉོན་མོངས་མགོ་བོ་མ་ནོན།
ཕྲག་དོག་དུག་ཆུས་མྱོས་པའི།
ཆེ་རློམ་དགེ་བཤེས་ཁྱོད་ཀྱིས།
ང་ལ་དཀྲུག་གཏམ་མ་སློབ།
སྟོང་པའི་མ་ལོ་བྲལ་ཞིང་།
སྣང་ཞེན་གྲོང་ལ་འཁྱམ་པའི།
སྤྱོད་མང་རྣལ་འབྱོར་ཁྱོད་ཀྱིས།
ང་རང་ཞེ་ལོག་མ་སློང་།
མཐོ་པོའི་གྲལ་དུ་མ་སླེབ།།
དམན་པའི་མཐར་དུ་མ་བསྒུར།།
བར་མའི་ལམ་མགྲོན་ང་ལ།།
རྫུན་མས་བཀའ་བཀོད་མ་བརྩམ།།
༢༠༡༣།༤།༡༥།
- ཟིན་ཐོ་གོང་མ།རང་མི་རིགས་རྗེས་ལུས་དེ་ལ་ཐུག།
- ཟིན་ཐོ་འོག་མ།ཁྱུང་ཡུལ་སྟོད་ཀྱི་སྒྲ་བླ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ།།