དབྱར་དུས་ཀྱི་ཕ་ཡུལ།།
མཐོ་སྒང་གི་ཡང་རྩེ་
གྲགས་ཅན་གཤེར་གྱི་ལ་མོ
ཁྱོད་བརྒལ་ཉིན་ང་སེམས་པ་སྤྲོ་སོང་།།
གནས་དེ་ནི། རྫས་འཕྲུལ་ཀྱི་དུག་རླང་མ་ཐེབ།།
མཁའ་རླུང་ནི་དྭངས་གཙང་གཙང་།།
ལྷོ་ཕྱོགས་རྒྱང་རིང་ལ་དལ་གྱིས་བསྐྱོད་པའི།།
སྤྲིན་དཀར་ནི་གཡོ་ལང་ལང་།།
ཁ་བ་བོད་པའི་གཟི་བརྗིད་ཞིག་དང
དར་སེང་བཙན་པོའི་ཕ་ས་ཏེ།།
གངས་དཀར་ནི་འོད་འཚེར་འཚེར།།
གོ་ལ་ཧྲིལ་པོའི་ལ་རྩེ་
གནམ་འདེགས་ཀྱི་ཀ་བ།།
རི་བོ་ནི་མཐོ་སེང་སེང་།
རྫ་སྤང་ངོག་ནས་ལྷུང་ལྷུང་དུ་འབབ་པའི།།
ཆུ་བོ་ནི་དྭངས་གཙང་གཙང་།།
རུ་ཐུར་གནམ་ལ་གཟེངས་བའི་བྲེ་སེར་འབྲོང་ཁྱུ་ཚོའི་འགྲིམ་ལམ་
རྫ་རི་ནི་ངམ་ནག་ནག།
ཡ་ཐོག་འདྲེ་སྲིན་མི་རྣམས་བསྡད་རྗེས།།
བྲག་ཕུག་ནི་སྟོང་ཧབ་ཧབ།།
ལ་ལུང་དང་ནགས་ཚལ་གསེབ་ནས་ཁུ་བྱུག་གི་གྲེ་འགྱུར་སྒྲོག་བཞིན།།
སྨུག་རླངས་ནི་འཕྱུར་ལྷོག་ལྷོག།།
སྐྲ་ལོ་དལ་གྱིས་གཡོ་ཞིང་དབུགས་ལམ་གཙང་སེལ་སྟོན་པའི།།
རླུང་བུ་ནི་འཇམ་སིབ་སིབ།།
དབྱར་རྩྭ་དགུན་འབུ་སྐྱེས་རྩལ་རྒོད་པའི།།
སྤང་ལྗོངས་ནི་སྨུག་ཐིབ་ཐིབ།།
བཞད་འཛུམ་དང་མགོ་ལྕོག་ལྡེམ་བཞིན་མཛེས་སྡུག་གིས་བུང་བ་འགུག་པའི།།
རྩི་ཏོག་ནི་སྣ་མང་མང་།།
སྨན་སྤོས་གི དྲི་བཟང་དང་།།
ལྷ་ཤུག་གི་ངད་པ།།
བ་ལུའི་བསུང་ཞིམ་རྣམས།།
དཔག་ཚད་དང་རྒྱང་ནས་བྲོ་ཚུབ་ཚུབ།།
གཡུ་འབྲུག་དང་གཞའ་ཚོན་གསེང་ནས།།
སྦྲང་ཆར་ནི་དལ་ཟིམ་ཟིམ།།
ཉིན་དང་གསེབ་ན
དྭངས་བསིལ་གྱི་ཟིལ་པ་ཁྲོམ་ཁྲོམ་འཐོར་བའི།།
ཤིང་ལོ་ནི་སྔོ་ཁྱུག་ཁྱུག།
ལྗང་མདོག་གི་རྩྭ་ཐང་ཐོག་ཏུ།།
སྦྲ་གུར་ནི་གྲངས་མང་མང་།།
དེ་བས་ག་ལ་ཚད།
རི་ལུང་ནས་རི་ལུང་ཐམས་ཅད་ནོར་ལུག་གིས་གང་ཞིང་།།
བེའུ་ཆུང་ཚོ་རྩེད་གར་ཤིག་ཤིག
མ་འབྲི་ཡི་ངུར་ཤང་འུར་འུར། གཡང་དཀར་གྱི་འབའ་སྒྲ་དིར་དིར།
ཅང་ཤེས་ཀྱི་འཚེར་སྐད་ལྷང་ལྷང་།
ཅི་འདྲའི་ཉམས་སྐྱིད་པའི་ཡུལ་དང་འབྲོག་སྡེ་ཞིག།།
།༢༠༡༢།༧།༢༨།
- ཟིན་ཐོ་གོང་མ།ཤུགས་རྐྱེན་ཞིག་གིས་རང་ཚུཌ་ཤོར་བའི་མི་རིགས།
- ཟིན་ཐོ་འོག་མ།རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་རིང་། །