ལྷ་མི་འགྲོ་བ་ཡོངས་གྱི་གཙུག་རྒྱན་རྣམ་མཁྱེན་རྒྱལ་བའི་དབང་པོ་ཡིས།།
ཐུན་མོང་བློ་ཡིས་སྤྱོད་ཡུལ་མིན་པའི་གནས་མཆོག་འོལ་མོའི་གླིང་ཆེན་དུ།།
ཐེག་པ་དགུ་དང་སྒོ་བཞི་མཛོད་བཅས་བོན་འཁོར་རིམ་པ་གསུམ་དུ་བསྐོར།།
སངས་རྒྱས་བསྟན་པ་ཆགས་པའི་གཞི་དང་ལོག་རྟོག་རྒོལ་བ་ཚར་གཅོད་ཕྱིར།།
བཟོ་རིག་སུམ་བརྒྱ་གཏན་ལ་ཕབས་ཤིང་སྒྲ་དང་ཚད་མ་གསར་དུ་བཏོད།།
འགྲོ་བ་ནད་ཀྱི་ཟུང་ངུ་བསལ་ཞིང་ལུས་སྲོག་བསླུ་བའི་གསོ་རིག་བསྟན།།
འབྱུང་བཞི་ནུས་པའི་ཁམས་ལ་བརྟག་ནས་སྣང་སྲིད་ལེགས་ཉེས་སྟོན་པའི་བོན།།
དཀར་ནག་རྩིས་གྱི་མན་ངག་ཟབ་མོ་ཀོང་ཙེ་འཕྲུལ་གྱི་རྒྱལ་ལ་གསུངས།།
ལྟ་སྒོམ་སྤྱོད་པའི་གོམ་སྟབས་གཅིག་གིས་བླ་མེད་ས་ལ་འཕོ་བའི་ཐབས།།
གངས་ཅན་བོད་པའི་ཆོས་ཀྱི་རུ་མ་གཞི་ལམ་འབྲས་བུའི་རྣམ་བཞག་བསྐྲུན།།
དེ་ནས་བཟུང་སྟེ་ཡུལ་གྲུ་ཀུན་ཏུ་ཆོས་དང་རིག་གཞུང་དར་བ་ཡིན།།
གནའ་བོའི་གཤིན་གྱི་དུར་ས་སློག་སྟེ་རོ་ཆས་དཔང་དུ་འཛིན་དགོས་མེད།།
ལྔ་རིག་གནས་གྱི་བྱེད་པོ་སུ་ཡིན་ལོ་རྒྱུས་གླེག་བམ་སྦུབ་ལ་ཡོད།།
ལྷོ་རྒྱལ་གོ་ལ་ཧྲིལ་པོའི་ལབ་ཙེ་གནམ་འདེགས་གངས་དཀར་ཏི་སེ་ལ།།
ཀི་བསྭོའི་ལྷ་རྒྱལ་འབོད་སྒྲ་དང་པོ་སྣང་གཤེན་བོན་པོ་ཚང་གིས་དབྱངས།།
ཁ་འབབ་ཆུ་བཞི་སྲོག་གི་ཟུངས་བཅུད་འཛམ་གླིང་དབུགས་ཐོག་ཁྲག་སྣེ་དེ།།
ཐོག་མར་ཧུབ་མཁན་ཞང་ཞུང་བོན་གྱི་བྱ་རུ་རྒྱལ་པོའི་སྡེ་བ་རེད།།
མཁར་གྱི་དང་པོ་ཕྱིང་བ་སྟག་རྩེ་བོན་གཤེན་བཙན་པོའི་ཕོ་བྲང་དང་།།
བོད་རྒྱལ་ཐོག་མ་གཉའ་ཁྲི་ཡབ་སྲས་ཞྭ་དཀར་བསྟན་པའི་སྦྱིན་བདག་ཆེ།།
ཡུམ་ཆེན་ཤེར་ཕྱིན་རྩོམ་པོ་ཀླུ་སྒྲུབ་སྐྱེ་བ་མི་རུ་མ་བླང་ཞིང་།།
ཤག་ཀྱའི་མཚན་ཅན་བཅོམས་ལྡན་ཐུབ་པ་རྒྱ་གར་རི་ལ་མ་འཁྲུངས་གོང་།།
ཞང་བོད་ལྷ་མིའི་མཚེར་ས་ངོ་མ་གངས་དཀར་རི་བོའི་ཡུལ་གྲུ་འདིར།།
བཅུ་ཕྲག་རིག་པའི་གཞུང་ལུགས་ཟབ་མོ་ལྷོ་གླིང་འཛིན་མའི་ཁྱོན་ལ་བདལ།
ཐེག་ཆེན་གདམས་པའི་སྣོད་དུ་མ་རུང་ཞབས་རྡུལ་ཐུབ་པའི་དགེ་སློང་ཚོས།།
ཡར་ལུང་བཙན་པོ་ཁྲག་ལ་བསྒྱུར་ཞིང་བཙན་པོའི་རིགས་རྒྱུད་བཅད་མེད་ན།།
ང་ཚོ་གངས་ཅན་བོད་ཀྱི་དབུ་འཕང་ཨ་སྔོན་དགུང་ལས་ཅིས་མི་མཐོ།།
སྤ་ཡི་དུག་ལྕེ། །༢༠༡༢།༨།༢༧།
- ཟིན་ཐོ་གོང་མ།དད་གསུམ་གསེར་གྱི་ཨ་ལུང་།
- ཟིན་ཐོ་འོག་མ།ཤོག་འཁྱམ་ཐོག་གི་གླུ་ཆུང་།