ཤོག་འཁྱམ་ཐོག་གི་གླུ་ཆུང་།
གནས་ཡོན་ཏན་ཀུན་གྱི་གཞི་མ་རུ། །
འབྲུ་སོ་བཞི་མིག་ལམ་བཀོད་པའི་དགེན། །
གཞུང་ཐོག་མར་སློབ་པའི་བཤེས་གཉེན་ལ། །
དྲིན་ཕྱིར་དྲན་མེད་ན་སློབ་མ་མིན། །
ཞིམ་རྩམ་ཟན་མི་བུའི་རིགས་རྒྱུད་ཅིག །
གངས་དཀར་པོ་ཆཌ་པའི་རི་སུལ་དུ། །
ཆུང་ལྟེ་ཁྲག་ས་ལ་འཕོས་ཀྱང་རུང་། །
ཁྲེལ་ངོ་ཚ་མེད་ན་བོད་མི་མིན། །
དུས་རྒྱུན་ཏུ་མཉམ་འགྲོ་མཉམ་འདུག་དང་། །
གྲོས་ནང་གཏམ་བཤད་སའི་མཛའ་མཐུན་དེ། །
གལ་ཆེ་དུས་བློ་སེམས་མ་མཉམ་ན། །
སྙིང་དམར་པོ་གཏད་སའི་གྲོགས་པོ་མིན། །
ལུས་ཕྲ་ལྡེམ་སྨྱུག་མ་ལྗོན་གསར་ལ། །
གཞོན་ལང་ཚོས་སྨྱོས་པའི་བུ་མོ་དེ། །
ངོ་ཤ་ལོའི་བཀྲག་ཉམས་འབར་ན་ཡང་། །
ཤེས་ཀུན་སྤྱོད་ངན་ན་མཛེས་མ་མིན། །
ཚེ་ཉི་མ་གཉིད་ཆང་ཟུང་ལ་བསྲེ། །
ཕྱི་དགྲ་མགོ་དཔུང་གིས་མི་ཐུལ་ཞིང་། །
ནང་མཁས་མཛངས་བྲལ་བའི་ཕོ་གསར་དེ། །
སྡེ་ཕུ་ནུ་སྐྱོང་བའི་དཔའ་རྒོད་མིན། །
ཟས་སྡེར་ཁ་བཏེགས་པའི་ཞབས་ཞུ་མའི། །
ངོ་འཛུམ་རྒྱ་གྲོལ་བའི་ཉམས་འགྱུར་དེ། །
དོན་སྒོར་མོ་འགུཌ་པའི་ཆོ་འཕྲུལ་ལས། །
སྙིང་ལྷད་མེད་ནང་གི་བརྩེ་བ་མིན། །
གནས་ངེས་མེད་འགྲིམས་པའི་གྲྭ་རྐྱང་ངས། །
དཀར་ཤོག་འཁྱམ་རླུང་གིས་ཁུར་བའི་ཐོག །
གཏམ་གང་དྲན་བླངས་པའི་གླུ་ཆུང་འདི། །
མང་དངུལ་ལོས་ཁུག་པའི་ནོར་རྫས་མིན། །
༢༠༡༢—༩—༡༡ཉིན། ཞི་མཐུན་བོད་ཟས་ཁང་དུ་བྲིས། །
- ཟིན་ཐོ་གོང་མ།ཐོག་མ
- ཟིན་ཐོ་འོག་མ།གསར་སྐྱེས་མི་བུའི་འགན་འཁྲི།