སུན་སྣང་འོག་གི་ལོ་ཟླ།།
ཡ་ཀི་གསེར་མདོག་འཚེར་བའི་རང་མདངས།།
དམར་གསར་སྐར་མའི་འོད་ཀྱིས་འཁྱུད་དེ།།
སྣང་བ་རབ་རིབ་ལས་དབང་ཁྲོད་ན།།
གྲྭ་རྐྱང་སྙིང་ཁམས་བཙན་གྱིས་སུན་ཐལ།།
མ་ཀི་ལྕང་གླིང་ཡངས་པའི་ར་བ།།
བྱམས་མེད་བྱི་ལའི་མཆེ་སྡེར་རྣོན་པོས།།
རང་མོས་ཆོས་ཀྱི་སྒོ་འཕར་བཟུང་དུས།།
མགོ་རིལ་བྱིའུ་ཆུང་སྡུག་གིས་སུན་ཐལ།།
གཟན་ཤམ་དམར་པོ་ལུས་ལ་གྱོན་ན།།
ཐོབ་ཐང་ལག་འཁྱེར་ཡོད་ཀྱང་མི་ཕན།།
སྤྱི་ཚོགས་ཐོག་ཏུ་འགྲོ་ལམ་ཇེ་དོག །
རེ་སྒུག་ལོ་ཟླ་དེ་ལ་སུན་ཐལ །།
བོད་ཀྱི་ནང་ཆོས་རིག་གཞུང་འདི་ཉིད།།
མཉམ་འབྲེལ་ངང་ནས་འཛིན་སྐྱོང་མི་སྤེལ།།
ང་དང་ང་ཆེའི་ཚིག་མཚོན་གཡུག་པའི།།
གྲུབ་མཐའི་ཆགས་སྡང་དེ་ལ་སུན་ཐལ།།
རྩྭ་ལོ་རྩི་ཤིང་བརྫིས་ཕྱག་བཏང་ཐོག།
རང་འབྱུང་རི་བོ་འཕྲུལ་གྱིས་སློག་སྟེ།།
རིག་དངོས་གཏེར་ཁས་ཁྱབ་པའི་ཁོར་ཡུག།
ཚོད་མེད་གཏོར་བཤིགས་བཏང་ལ་སུན་ཐལ།།
མགོ་རྣ་རུལ་བའི་འབྲོག་སྡེ་ཞིག་གིས།།
ཕ་ཁྱིམ་སྦྲ་ནག་མགོ་ནས་ཕུད་དེ།།
ནོར་ལུག་འཁོར་སའི་མཚེར་ར་གྲུ་བཞི།།
དབྱར་གསུམ་རྡོ་རར་བསྒྱུར་ལ་སུན་ཐལ།།
ཡུལ་དང་འབྲོག་པའི་སྡེ་བ་ཕལ་གྱིས།།
དངུལ་ལོ་ཁུག་ལ་རིན་ཐང་ཞན་པའི།།
བསམ་མེད་སྒོ་ཁྱི་གྲོང་ཁྱེར་བསྐྱལ་ཏེ།།
བཟོད་མེད་སྡུག་གསོད་བཅུག་ལ་སུན་ཐལ།།
འདི་ནི་ང་ཡི་བསམ་བློ་ལ་ཐིམ་པའི་ན་ཟུག་ཅིག་རེད།། འབྲིང་རྒྱུད་པས།། ༢༠༡༢ ༦ ༡༩
- ཟིན་ཐོ་གོང་མ།བྱང་ཐང་གི་བརྩེ་གྲོགས་ཡ།
- ཟིན་ཐོ་འོག་མ།རྒྱལ་ཁམས་འདི་གླུ་རུ་བསྒྱུར་འདོད།
ཕེབས་པར་དགའ་བསུ་ཞུ།།