བྱང་ཐང་གི་བརྩེ་གྲོགས་ཡ།།
བརྩེ་ལྡན་གྲོགས་ཀྱི་དྭངས་མ་ཡི།།
ཡིད་འོང་མཚན་དཔེའི་འཛུམ་ཞལ་དངོས།།
མ་མཇལ་ལོ་ཟླ་སོང་ཡུན་རིང་།།
ཁྱེད་སྐུ་དྲི་མེད་གེ་སར་ལ །།
ཉེར་འཚེའི་འདམ་གྱིས་མ་གོས་ཞེས།།
གནས་ཚུལ་ལོ་རྒྱུས་གཏམ་བཟང་ཞིག།
ཁོ་བོའི་སྒྲ་འཛིན་རྣ་བ་རུ །།
ཞལ་པར་སྲུབས་ནས་ལྷུང་བའི་ཚེ།།
ཡ་ཆུང་སེམས་པ་དམར་པོ་དེ།།
དགའ་བས་གཏམ་པའི་གོང་བུར་གྱུར།།
གུས་པ་ཉིད་ནི་བདེ་འཚམས་ངོར།།
ཁྱུང་ཡུལ་ལྔ་རིག་སློབ་གླིང་དུ།།
བློ་གསལ་ཁྱུ་ཚོགས་འཁྱིལ་བའི་ཁྲོད།།
ཧ་ཅང་བརྩོན་ལེན་མ་མྱུར་ཡང་།།
སྐབས་འགར་རྩོད་པའི་ཐོག་དམར་འཕེན།།
སྐབས་འགར་བྲིས་གྱི་སྒྱུ་རྩལ་བསླབ།།
སྐབས་འགར་སྙན་པའི་ངག་རིག་དཀྲོལ།།
རྒྱུན་ལྡན་རང་སེམས་སྐྱིད་ལ་བསྐུལ།།
གོང་མས་ཅི་གསུང་སྒྲུབ་བཞིན་ཡོད།།
སྔོན་སོང་ལོ་ཟླ་དུ་མའི་རིང་།།
མདོ་སྨད་ཁྱུང་ཡུལ་བསྟན་གླིང་དུ།།
འགྲན་གྲལ་སློབ་དཔོན་དམ་པ་ཡི།།
དགོངས་བཅུད་ཟབ་གདམས་བདུད་རྩིའི་རོ།།
མ་ཕྱེས་ཅི་དགར་ལྷན་གཅིག་རོལ།།
བརྩེ་བའི་ལག་ཟུང་དམ་དུ་སྦྲེལ།།
མཐུན་པའི་གོམ་ཁ་མཉམ་དུ་བསྒྱུར།།
དུང་བའི་གཅིག་སེམས་གཅིག་ལ་འཁོར།།
ཡུན་རིང་འགྲོགས་པ་ཡང་ཡང་དུ།།
གངས་དཀར་སེམས་ལ་འཁོར་ཐེངས་རེར།།
ལྷད་མེད་སྙིང་གི་གྲོགས་པོ་ཁྱེད།།
དྲན་པའི་གདུང་བ་ཤིན་ཏུ་རྒོད།།
བརྩེ་ལྡན་གྲོགས་ལོའི་སྙིང་ཁོང་ན།།
དུང་གསར་འོ་ཆུ་འདྲེས་པའི་རླབས།།
འགོག་མེད་ཡིད་ལ་འཕྱུར་བའི་རྒྱུན།།
ནམ་ཡང་མ་ཉམས་བྱང་ཐང་གྲོགས།།
ཡ་ཆུང་ཁོག་པའི་གཏིང་རུམ་ནས།།
མཇལ་འདོད་ཟུང་ཁྲག་འཕྱོ་བཞིན་ཡོད།།
སྐྱིད་ཉམས་ལྡན་པའི་མི་ཚེ་དེ།།
རིན་ཐང་ཅན་དུ་བསྒྱུར་བའི་ཆེད།།
ཡིད་འོང་སློབ་གྲྭའི་སྐྱེད་ཚལ་དུ།།
མདུན་བསྐྱོད་གོམ་ཁ་གྱེན་བསྒྱུར་ཏེ།།
དཔྱད་གསུམ་དག་པའི་གཞུང་ལུགས་དང་།།
སྲོལ་བཟང་མེས་པོའི་རིག་གནས་ལ།།
ཡང་ཡང་བརྩོན་རོགས་སྙིང་ནས་ཞུ།།
མ་འོང་གནམ་ལོ་གསར་པའི་ནང་།།
བྱ་བ་ལམ་འགྲོ་ཅི་བསམ་འགྲུབ།།
ནད་མེད་ཚེ་རིང་བདེ་ཞིང་སྐྱིད།།
ལས་དང་རླུང་རྟ་དར་བར་སྨོན།།
གཡུང་གླིང་གྲོགས་མཆོག་དམ་པ་ཡི།།
དྲུང་དུ་མཛའ་རྩེའི་སྙིང་གི་གཏམ།།
རྒྱལ་ཁམས་གོ་ལའི་ཡང་རྩེ་རུ།།
མཚན་མོའི་དུང་ཟླ་འོག་ནས་ཕུལ།།
འབྲིང་རྒྱུད་པས།། ༢༠༡༢ ༦ ༧ ཁྱུང་དཀར་བསྟན་གླིང་ནས་ཕུལ།།
- ཟིན་ཐོ་གོང་མ།དྲིན་མ་ལོས་བསྐྱུར་བའི་དྭ་ཕྲུག །
- ཟིན་ཐོ་འོག་མ།སུན་སྣང་འོག་གི་ལོ་ཟླ།