དྲིན་མ་ལོས་བསྐྱུར་བའི་དྭ་ཕྲུག།
དྲིན་མ་ལོས་བསྐྱུར་བའི་དྭ་ཕྲུག་གི་བུ་ང་།།
རྒྱུ་རྣམ་དཀར་ལས་ཀྱིས་མཐོ་རིས་སུ་འཕངས་ཏེ།།
ལུས་དལ་རྟེན་བཟང་པོ་མི་ཡུལ་དུ་རྙེད་ཀྱང་།།
སྔོན་མི་དགེ་བསགས་པའི་རྫོགས་ལས་དེ་བཙན་པས།།
ལོ་བཅུ་གསུམ་བྱིས་པའི་རྩེད་དགའ་ལ་རོལ་སྐབས།།
དྲིན་ཨ་མ་མ་བསྡད་ལྔ་ལམ་དུ་གཤེགས་པས།།
བུ་སྐྱབས་མེད་དྭ་ཕྲུག་ཁེར་རྐྱང་དུ་ལུས་སྟེ།།
དྲིན་མ་ལོ་ངེད་གཉིས་ཁ་བྲལ་དུ་གྱུར་ཐལ།།
དུས་དེ་ནས་བཟུང་སྟེ་ལོ་ཟླ་ཡི་རིང་ལ།།
མིག་ཁྲ་ཆུང་ཟུང་གཉིས་མཆིལ་ཞག་གིས་གང་སྟེ།།
སེམས་འགོག་མེད་སྡུག་གི་ན་ཟུག་དེ་ལྕི་བས།།
ཕྱི་མཛེས་པའི་གཟུགས་ལ་སྐྱ་མདོག་ཏུ་ཐེབས་སོང་།།
ཆུང་ལྟེ་ཁྲག་འཕོ་སའི་རང་ཡུལ་གྱི་ཕྱོགས་ནས།།
གྲོགས་སྤུན་སྲིང་ཚོགས་ཀྱིས་བརྩེ་བ་དེ་ཟབ་ཀྱང་།།
སེམས་གང་ལ་གཏད་ཀྱང་སྟོང་པ་རུ་གྱུར་ཏེ།།
ཡུལ་དགོད་སྒྲས་ཁེངས་པའི་དགའ་སྤྲོ་དེ་མ་མཐོང་།།
དགུན་ཟླ་གསུམ་ཁ་ཆར་གྲང་རླུང་གི་ཁྲོད་དུ།།
རྒྱབ་རྩག་ཧྲུལ་གྱོན་ཏེ་ནོར་རྗེས་སུ་བསྐྱོད་དུས།།
ལུས་འདར་གེ་བསིག་བཞིན་ངུ་ངག་གི་ཐོག་ནས།།
དྲིན་མ་ལོ་བོས་པའི་ཆིག་ལབ་ཞིག་ཤོར་ཐལ།།
དཔྱིད་ནམ་ཙ་རིང་པོར་བེའུ་ལུག་དང་ལྷན་དུ།།
དྲིན་མ་ལོ་དྲན་བཞིན་ལ་ལུང་མང་འགྲིམས་དུས།།
དགུང་ཉི་མ་ཚ་བོས་གདོང་པགས་རྣམས་ཚིགས་ཏེ།
ངོ་ཐལ་མདོག་ལྷང་ངེ་སུན་སྣང་གིས་མྱོས་ཐལ།།
དབྱར་སྦྲ་ནག་འདབས་སུ་ནོར་ལུག་གི་ལྷས་རར།།
རླུང་དྲག་ཆར་གསེང་ནས་བེའུ་ཟོག་རྣམས་བཀོལ་མཐར།།
དྲིན་མ་ལོས་བཞོས་པའི་འབྲི་བཟང་གི་འོ་མ།།
ཞིམ་ཁ་ལ་མངར་བའི་བྲོ་བ་དེ་མ་རག།
སྟོན་རི་བོའི་ཁ་དོག་སེར་པོ་རུ་གྱུར་ཏེ།།
རླུང་བསེར་བུས་ལྕང་ལོ་མཁའ་དབྱིངས་སུ་སྤུར་དུས།།
དྲིན་ཨ་མའི་ལས་དབང་ཡིད་སེམས་ལ་འཁོར་ཏེ།།
ལུས་ཤ་སྲུབས་བར་ནས་མཆིལ་མ་ཞིག་བབ་བྱུང་།།
སེམས་སྐྱོ་སྡུག་འོག་ནས་ལོ་ན་འགའ་སོང་རྗེས།།
རྟ་ནོར་ལུག་རི་ལ་འཚོ་སྐྱོང་དུ་འགྲོ་དུས།།
རོགས་པོ་ཏི་ཆུང་ཆུང་ཨམ་ཕྲག་ཏུ་བཅུག་སྟེ།།
འདོན་ཀ་ཁའི་དབྱངས་རྟས་རི་ལུང་ཀུན་དཀྲོགས་ཡོད།།
མགོ་སྐྲ་ལོ་ཆུང་ནས་དྲིན་ཆེན་གྱི་ཨ་མས།།
མགོན་བླ་མའི་ཕྱག་ཏུ་ཕུལ་བ་དེའི་དྲིན་གྱིས།།
ལུས་དམར་སེར་གོས་རྒྱན་ཧྲུལ་པོ་ཡི་འོག་ནས།།
སེམས་ཆོས་ལ་དད་པའི་བློ་ཁ་དེ་འཁོར་བྱུང་།།
རི་རྩེ་དྲུག་སྐོར་བ་གཡས་སྐོར་དུ་རྒྱག་ཞོར།།
ལྷ་དཀོན་མཆོག་གསུམ་ལ་གསོལ་བ་ཞིག་བཏབས་ཏེ།།
གནས་ཤེལ་བྲག་མགུར་ནས་མ་ཏྲི་ཡི་གླུ་དབྱངས།།
དྲིན་མ་ལོའི་ཕྱོགས་སུ་མིག་ཆུ་ལ་བསྐུར་ཡོད།།
དཔལ་ཁྱུང་སྟེང་དགོན་དུ་ལས་དབང་གིས་བསུས་ཤིང་།།
ཚེ་འདི་ཕྱིའི་སྐྱབས་གནས་སེམས་ཐོག་གི་བླ་མ།།
རྗེ་སློབ་དཔོན་དམ་པའི་གདམས་ངག་དེ་ཐོབ་དུས།།
དྲིན་མ་ལོ་ཁྱེད་ལ་དྲིན་ལན་ཞིག་འབུལ་ཡོང་།།
ལུས་སྡུག་བདེན་ཕུང་པོའི་ཤ་ཁྲག་འདི་དོར་མཐར།།
རྟེན་དོན་ཡོད་ཅན་གྱི་མི་ལུས་ཞིག་ཐོབ་ན།།
ཆུང་བྱིས་པའི་ལོ་ན་མ་ཡོལ་གྱི་བར་དུ།།
བུ་ཁེར་རྐྱང་མ་སྐྱུར་དྲིན་ཅན་གྱི་མ་ལོ།།
གྲྭ་རྐྱང་ངས་བསམ་བློ་ཞིག་བསྐོར་དུས་མྱོང་གཏམ་འདི་ཐལ་སོང་།།༢༡༢ ༦ ༦
- ཟིན་ཐོ་གོང་མ།ན་ཟླ་ཚོ།
- ཟིན་ཐོ་འོག་མ།བྱང་ཐང་གི་བརྩེ་གྲོགས་ཡ།
ངའི་གཉའ་ཡ་འབྲིང་རྒྱུད་ཁྲ་བོ་ཡིན།།
ཕ་མེས་པོའི་ཞིང་རབ་གྲུ་བཞི་མ།།
སྤང་མི་བསྐྱུར་རྨོ་རྐོ་བྱེད་ངེས་ཡིན།།
བུ་འབྲིང་རྒྱུད་མགྲིན་བདེ་ལྕེ་མཁས་ཀྱིས།།
ཉམས་ལྡན་པའི་སྙན་རྩོམ་སྣ་འགའ་སྤེལ།།
དེའི་ལྷན་དུ་བོན་དབྱངས་ཐེངས་མང་གྱེར།།
རི་བོང་རྭ་ནས།