སྐྱོང་བའི་གྲོགས་ལ་དམར་པོའི་བློ་སྣ་གཏད། །
རྒོལ་བའི་ཁྱུ་ལ་དཔའ་བའི་ལག་རྡང་གཤིབ། །
ཞི་བདེའི་ལམ་བུ་སྐད་དང་ཡིག་གེས་འཚོལ། །
དྲང་བདེན་ལས་ལ་བརྩོན་དང་ན་ཟླ་ཚོ། །
ལོ་རྒྱུས་རྣལ་མའི་ཕུགས་རྩ་མ་མཐོང་ཞིང་། །
བདེན་དོན་ལུང་གི་གཏན་ཚིག་མ་རྙེད་གོང་། །
ཨུ་ཚུག་ཁེར་ཐག་བཅད་པའི་བླུན་གཏམ་གྱིས། །
གྲུབ་མཐའི་རྣམ་བཞག་རྩོད་འདོད་ཤ་རེ་ཚ། །
མཚུངས་མེད་སློབ་དཔོན་མཆོག་གི་གདམས་དོན་དེ། །
དམར་པོའི་སྲོག་ལ་ཐུག་ཀྱང་མི་འདོར་ཞིང་། །
ལུས་སེམས་དབུགས་ཀྱི་རྒྱུ་བ་མ་ཆད་པར། །
ལྔ་རིག་གཞུང་དང་འགྲོག་པའི་དམ་བཅའ་ཡོད། །
ཞི་བདེའི་རྩ་བ་བྱམས་དང་སྙིང་རྗེ་དང་། །
ལས་དང་རྒྱུ་འབྲས་ཕྱི་མའི་ལམ་བཟང་དངོས། །
ཐར་པའི་སྲོག་རྩ་སྲུང་སེམས་རྣམ་དག་ལ། །
ལྟ་བ་ལོག་པའི་རྟོག་སད་ཐན་དུ་མཐོང་། །
ཕྱི་མཛེས་ཚུལ་འཆོས་གཟབས་པའི་སེར་རྫུན་ལ། །
འདོད་སྲེད་དབང་གིས་ཐལ་མོ་མི་ཟླུམ་ཞིང་། །
རྒྱུ་མཚན་མ་མཐོང་གཞན་གྱི་ལད་མོ་ཡིས། །
རྨོངས་དད་ཞིག་གིས་མགོ་བོ་སྒུར་དགོས་མེད། །
ཡང་དག་དགེ་སྦྱོར་ལ་རྒྱས་འགྲུབ་པ་དཀའ། །
ལ་རྒྱའི་སེམས་ནི་རང་ཕྱོགས་ཁོ་ན་ཏེ། །
རིས་མེད་བྱམས་ལྡན་སེམས་དཔའི་སྤྱོད་པ་ཡི། །
བཏང་སྙོམས་ཚད་མེད་དོན་དང་འགལ་བར་འགྱུར། །
ཆོས་གྲལ་འགྲིམས་ཏེ་བཙུན་པའི་གོ་ས་འཛིན། །
ཁྱིམ་ལས་རྩོལ་ཞིང་འཇིག་རྟེན་དོན་དུ་གཉེར། །
བྱ་སྤྱོད་ར་མ་ལུག་གི་བླ་སྤྲུལ་འགའ། །
ཡོན་བདག་ཕུང་ལ་སྦྱོར་བའི་ཆོམ་རྐུན་དངོས། །
ཆོས་པ་འདོད་ན་ཁྱིམ་པའི་བྱ་བ་སྐྱུར། །
ཁྱིམ་པ་འདོད་ན་བཙུན་པའི་གོ་ས་དོར། །
ཆོས་དང་འཇིག་རྟེན་སྤྱོད་པ་ཤིན་དུ་འགལ། །
འདྲེས་པར་ལེན་འདོད་དོན་གཉིས་བརླག་པའི་རྒྱུ། །
ཕྱོགས་དང་རིས་ཀྱི་ཚིག་མཚོན་མི་ཕྱར་ཞིང་། །
མགོ་དང་རྣ་བ་དོན་དུ་མི་གཉེར་བའི། །
བསླབ་གསུམ་ནོར་གྱིས་སྤུད་པའི་བཤེས་གཉེན་ལ། །
དམར་ཆུང་སྙིང་གི་གཏིང་ནས་ནམ་ཡང་གུས། །
དགའ་བའི་ཕྱོགས་ལ་དགོད་པའི་འཛུམ་མདངས་དང་། །
གཟན་པའི་ཕྱོགས་ལ་ངན་པའི་རྣམ་འགྱུར་དེ། །
དོན་དུ་གཉེར་ཞིང་ཆེད་དུ་མ་བསྟན་ཡང་། །
བཅོས་མིན་རྣམ་རྟོག་བློ་ཡི་རང་གཤིས་ཤིག །
འབྲིང་རྒྱུད་པས།།
- ཟིན་ཐོ་གོང་མ།བསྒྲགས་གཏམ།
- ཟིན་ཐོ་འོག་མ།དྲིན་མ་ལོས་བསྐྱུར་བའི་དྭ་ཕྲུག །
ཁྱེད་ཀྱི་སྙན་རྩམ་དེ་མྱོང་རོལ་བྱས་ཟིན། བདེན་ཚིག་མང་དུ་སྣང་བས་ཤིན་ཏུ་སྤྲོ་བྱུང་།
མུ་མཐུད་ནས་འདི་དང་འདི་འདྲ་བའི་རིགས་མང་ཙམ་སྤེལ་ཡོང་བར་རེ།
ལྷ་གཡག་དར་མས།
ན་གཞོན་རིག་སྨྲ་བ་གྲོགས་ལྷ་གཡག་ལགས་ཀྱི་མཛད་ཕྲིན་གོང་ནས་གོང་དུ་འཕེལ་བར་སྨོན། བཀྲ་ཤིས་བདེ་ལེགས།
སྙན་འཇེབས་མགྲིན་གླུ་འབུམ་ཕྲག་སྒྲོག་པ་ཡི། །
བཅོས་མིན་དགོད་འཛུམ་འབར་བའི་འབྲིང་རྒྱུད་པའི། །
རྒྱང་བསྐྱོད་རྡོག་སྒྲ་ཐོས་པས་བདག་ཡིད་སྤྲོ། །
ཞེས་སྟེང་ཁ་པས
བཤེས་གཉེན་མཆོག་གིས་གསུང་སྙན་བསྩལ་བས་སྤྲོ།