དགོན་གྱིས་དཔལ་འབྱོར་བཙལ་སྟངས།
རིས་མེད་པ།
༡༽དེང་སང་ཕར་ལྟ་འདུག་དུས་དགོན་གྱི་དཔལ་འབྱོར་ཡོང་ཁུངས་དང་མཐར་འགྲོ་ས་གཉིས་ལ། དང་པོ་ཡོང་ས་ནི་སོས་ཀའི་འབུ་ལྡོམ་བྱས་པ་དེ་དང་། དེ་སྟེང་ལྷ་སྐུ་གཅིག་གཅིག་དང་འདུ་ཁང་མུག་མུག མཆོད་རྟེན་ག་གེ་མོ་ཞིག་བཞེངས་དགོས་ཡོད་པ་ཁྱོད་ཚོས་སྦྱིན་བདག་བྱས་ན་ལག་རྟགས་འདི་དང་། སྡོང་རྒྱག་བྱས་ན་ཕན་ཡོན་འདི་དང་དེ་ཞེས་ཟེར་ནས་བོས་པའི་འབྲས་བུ་ཆེ་ཆུང་གང་འདྲ་ཞིག་ཡོང་ཡོད་ན་དེ་དང་། ད་དུང་སྟོང་ཁར་མར་ལྡོམ་དང་། དགུན་ཁར་ཤ་སྡོམ་སོགས་རེད། ད་དུང་དགོན་པ་ཁ་ཤས་འདོན་གླ་འགྲོ་མཁན་དང་། གྲོང་ཁྱེར་ནང་དུ་འདོན་གླ་སྤྲད་ས་ཚུགས་འདུག མཐར་གྲྭ་པ་ཡང་སླར་ལོག་མི་ཐུབ་པར་མང་། དེ་ཚོའི་དོན་དུ་གྲྭ་པ་ཀུན། ལ་ལུང་རི་གསེང་དུ་འགྲོ་དགོས་པ་ཅི་བཤད། གཉིས་པ་བེད་སྤྱོད་ནི་གོང་དུ་བཞེངས་དགོས་ཡོད་ཟེར་བ་དེ་ཚོའི་འགྲོ་སོང་གཏོང་བཞིན་པ་རེད། དཔལ་འབྱོར་ཡོང་ཁུངས་བཙལ་སྐབས་སུ། དགོན་གྱི་བླ་མ་གྲྭ་ཚང་གི་ཟ་རྒྱུ་ལྟ་མཁན་མེད་ལ་རྗེས་སུ་ཡང་བླ་མ་དང་གྲྭ་པས་སོ་སོའི་ཟ་མ་ཟ་རྒྱུ་གང་ནས་ཁྱེར་བཞིན་ཡོད་གཅིག་བལྟས་ན། ཏག་ཏག་ཉེ་འབྲེལ་དང་ཁྱིམ་ཚང་ལས་རང་ཁ་རང་གསོ་བྱེད་བཞིན་ཡོད་ཟེར་བ་དེ་སྟོང་གཏམ་ཙམ་རེད། དེ་ཚོ་ལྟ་ཡོང་དུས། མི་སྐྱ་ཁག་ཅིག་གིས་བླ་མ་དང་གྲྭ་པ་ནི་མི་རིགས་ཀྱི་བཀག་རྡོ་དང་། ཆོས་ལུགས་བྱེད་སྒོ་ནི་དཔལ་འབྱོར་གྱི་བཀག་རྡོ་རེད་ཟེར་བ་དེ། དོན་ལ་འདི་ལྟ་བུས་རྐྱེན་བྱས་ཡོད་པ་ཤེས་དགོས། རྒྱུ་མེད་རྐྱེན་མེད་དུ་སྐྱ་སེར་བར་དབྱེ་བཞིན་པ་མ་རེད། དུས་རབས་སྔོན་མ་ཙམ་དུ་མི་ལ་ལག་ཡར་གཟེད་བྱས་པའི་ཟ་མ་དེ་ཚོ་ཟ་ནས། སྒོམ་འདྲ་རྒྱག་མཁན་ཡོད་ས་རེད། དེ་མ་གཏོགས་དེང་སང་སྤྲང་པོ་བྱེད་ནས་རྒྱུ་ཨེ་རག་བྱེད་པ་དང་། སོ་སོ་ཡང་སྤྲང་པོའི་ཆས་བྱས་ན་ཡག་པོ་ཡིན་ཟེར་བ་དེ་ཚོ་གནའ་གཏམ་འདྲ་མིན་ནམ། ཡིན་ནའང་དཔལ་འབྱོར་ལེན་སྟངས་གོང་ལྟར་གཅིག་གཅིག་བཞེངས་དགོས་ཟེར་ནས། དེ་རྗེས་རང་གིས་ཟོས་བསྡད་ན་དེ་ནི་བླ་རྫུན་དང་གྲྭ་རྫུན་རེད།
༢༽ད་ལྟ་དགོན་པ་ཟེར་བ་ཕྱི་ཡི་ལྷ་ཁང་དང་འདུ་ཁང་། ལྕགས་རི། ནང་གི་ལྷ་སྐུ་དང་མཆོད་ཆས་དགོས། ད་དུང་བླ་མ་གྲྭ་ཚང་གི་ཁ་ཟས་རྒྱབ་གོས་སྡོད་ས་ཀུན་དགོན་སྤྱི་ནས་སྤྲད་ཐུབ་དགོས། དེ་ཚོ་ཁ་ཡིས་དགོས་ཟེར་བ་ཙམ་མ་ཡིན་པར་དོན་ཐོག་ཏུ་ཡོད་དགོས། དེ་ལྟ་བུ་ཞིག་དོན་ལ་གནས་པའི་ཐབས་ཤེས་ནི། ཐོག་མར་དཔལ་འབྱོར་ཡོང་ཁུངས་ཡག་པོ་ཞིག་དགོས། དེ་ནི་དུས་རབས་འདི་དང་བསྟུན་ནས་བཤད་ན། གྲྭ་པ་རྣམས་དགོན་ནང་ལ་འདུག་ནས་མང་ཚོགས་ཀྱི་འདོད་བློ་སྐོང་བའི་ཡོན་འབབས་ཅུང་ཙམ་ཡོང་བ་དེ་དང་། དགོན་རེ་ལ་ཆུང་སར་རྩིས་ན་ཕལ་ཆེར་སྒོར་ཁྲི་བརྒྱ་རེ་ཡོད་ས་རེད། དེ་ཉར་ནས་མི་སྡོད་པར་གྲོང་ཁྱེར་ནང་གི་ཁང་པ་འདྲ་ཉོ། དེ་གཞན་ལ་གཡར་ནས་གཡར་གླ་ལེན་པ་དེ་དང་། ཡང་དགོན་བདག་གི་བླ་མ་གཙོས་བླ་མ་རྣམས་ཀྱིས་དངུལ་རྣམས་སོ་སོའི་བེད་སྤྱད་འཕྲོ་རྣམས་དགོན་ལ་འཇོག་པ་དེ་དང་། ད་དུང་ཡོན་འབབས་ཆུང་ཙག་རིགས་བཅས་དགོན་སྤྱི་ལ་འཇོག་དགོས། དེ་ལྟར་མ་གཏོགས་སྦྱིན་བདག་ཆེ་ཆུང་གི་ལག་རྟགས་ཟེར་ནས་མི་སེམས་གཡེང་ཐབས་དང་། དགོན་པ་དང་ཁ་བྲལ་ནས་གྲྭ་པས་འདོན་གླའི་ཚོང་ཁང་ངམ་དགེ་བཙོང་ཡོན་སྡུའི་ཚོང་ཁང་བཟུངས་བ། དཀར་ལྡོམ་དང་དམར་ལྡོམ་ཟེར་ནས་ལག་པ་ཡར་གཟེད་ཀྱི་དཔལ་འབྱོར་འབད་པ་སོགས་མ་བྱེད།
༣༽དེ་བེད་སྤྱོད་གཏོང་སྟངས་ལ། དང་པོ་ལོ་ལྟར་བླ་མ་གྲྭ་ཚང་གི་ཁ་ཟས་དང་། ལོ་རེར་གོས་ལྷམ་ཐེངས་གཉིས། སྨན་བཅོས་འགྲོ་སོང་དང་། འདས་གྲོངས་སོང་བ་ལ་རྗེས་མཇུག་སྒྲུབ་བྱེད་སོགས་དགོས། དེ་འཕྲོ་རྣམས་བཞེངས་པ་གང་དང་གང་དགོས་སར་གཏོང་ན་ཆོག དགོན་ནང་གི་སློབ་གླིང་ཁག་གི་ཕར་ཚུར་འགྲོ་འགྲོན་མགོ་ཐུག་པའི་ཐབས་ཤེས་གང་ལྟར་རིགས་འདྲེས་དགོས།
- ཟིན་ཐོ་གོང་མ།དགོན་གྱིས་གྲྭ་པ་བདག་པོ་རྒྱག་ཚུལ།
- ཟིན་ཐོ་འོག་མ།ཁ་བྱང་བྲིས་མེད