ཚོགས་གཉིས་བསོད་ནམས་གཏེར་ལས་ཉེར་འཁྲུངས་པས། སྐུ་གཉིས་རྟ་བདུན་དབང་པོའི་ དཀྱིལ་འཁོར་ལ། མཁྱེན་གཉིས་རིག་པའི་འོད་ཟེར་འབུམ་རྒྱས་ནས། དོན་གཉིས་ལྷུན་གྲུབ་རྫོགས་སངས་རྒྱས་ལ་བསྟོད།། དུས་གདོན་རྐྱེན་གྱིས་འབྱུང་ནུས་འཕེལ་ཟད་ཕྱིན། ཉེས་གསུམ་འཁྲུགས་པའི་ལུས་ཁམས་ཟུག་རྔུས་མནར། དེ་དག་སེལ་མཛད་གཉེན་པོ་བཞི་ལྡན་གཞུང་།གསལ་བར་བསྟན་མཛད་དཔྱད་བུ་ཁྲི་ཤེས་རྒྱལ།། མཁྱེན་བརྩེའི་མཁའ་ལ་བྱམས་སེམས་སྤྲིན་སྤུངས་འཁྲིགས། བྱིན་རླབས་ཆར་གྱིས་གདུལ་བྱའི་ཞིང་སར་བརླན། འགྲོ་ཀུན་ཐར་ལམ་པད་ཚལ་བཞད་མཛད་པ། མཚན་ལྡན་འོད་ཟེར་སྦྱིན་པ་ལན་བརྒྱ་བསྔཊ།།
༧ ཅེས་མཆོད་བརྗོད་ཀྱིས་མདུན་བསུས་ནས་སྐབས་འདིར་རིག་པའི་གནས་ཆེན་ལྔའི་ཡ་གྱལ་གསོ་རིག་འབུམ་བཞིའི་ནང་ཚན་ནད་འབུམ་ནག་པོ་ཉེས་གསུམ་གསོ་བའི་སྐབས་ལས་ཅུང་གླིང་བར་བྱ་ བ་ནི། ནད་ཀྱི་རྒྱུ་སྤྱིར་བསྟན་པ་དང་བྱེ་བྲག་རྒྱུ་དུག་གསུམ་ལས་འབྲས་བུ་ཉེས་གསུམ་ཇི་ལྟར་སྐྱེད་ ཚུལ། ཉེས་གསུམ་གྱི་གནས་དང་ལྡང་ཚད་དེའི་བྱེད་ལས་བསྟན་པ། ཉེས་པའི་མཚན་གཞི་ངོས་བཟུང་ནས་མཇུག་བསྡུ་བའོ། དང་པོ་ནད་ཀྱི་རྒྱུ་སྤྱིར་བསྟན་པ་ནི། དཔྱད་འབུམ་ཁྲ་བོ་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། བདག་མེད་དོན་མ་ཤེས་པའི་མ་རིག་ཞེན། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང་། འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་། མ་རིག་ལྡན་པའི་ནད་དང་འབྲལ་མི་སྲིད། ཅེས་པས། སྐྱེ་འགྲོ་ཡོད་དོ་ཅོག་གི་ནད་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དེ་ཉིད་གང་ཡིན་ཞེ་ན། བོན་ཉིད་སྤྲོས་པའི་གནས་ལུགས་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོའི་དོན་དེ་ཉིད་མ་རྟོགས་ཤིང་། ངའོ་སྙམ་པའི་ངར་འཛིན་ནམ་བདག་ཏུ་འཛིན་པའི་ཡིད་དེ་ལ་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞེས་བྱ། དེ་ནི་ཉོན་ མོངས་དང་ཉེས་ཚོགས་སྡུག་བསྔལ་ཐམས་ཅད་དང་མི་འབྲལ་བའི་གཞི་རྩ་ཡིན་ཏེ། དཔེར་ན་བྱ་ནི་མཁའ་དབྱིངས་སུ་ལྡིང་ཡང་རང་གི་གྲིབ་མ་དེ་དང་མི་འབྲལ་བ་བཞིན་དུ་། འགྲོ་བ་ཀུན་གནས་སྐབས་བདེ་བ་ལ་གནས་ཤིང་སྤྱོད་པ་ལྟར་སྣང་ཡང་། རིག་པའི་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཚོགས་ཀྱི་སེམས་བྱུང་རྨོངས་པ་དེ་ཉིད་དུས་རྒྱུན་དུ་གནས་པའི་ཕྱིར་དེ་ལས་བྱུང་བའི་ནད་དང་འབྲལ་མི་སྲིད་དེ། ཇི་སྲིད་བདག་དང་བདག་གིར་འཛིན་པ་ཡོད་པ་དེ་སྲིད་དུ་ནད་ཡོད་ལ། དེ་ལྡོག་ནས་ བདག་མེད་རྣམ་གཉིས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་ན་ནད་ལས་གཏན་དུ་གྲོལ་འོ། གཉིས་པ་ཁྱད་པར་གྱི་རྒྱུ་ནི་དཔྱད་འབུམ་ལས། ཁྱད་པར་རྒྱུ་ནི་མ་རིག་པ་ལས་བྱུང་། འདོད་ཆགས་ཞེ་སྡང་ གཏི་མུག་དུག་གསུམ་ལས། འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་བསྐྱེད། ཅེས་གསུང་པས། དང་པོ་འདོད་ཆགས་ལས་རླུང་ཇི་ལྟར་སྐྱེད་ཞེ་ན། རང་གི་འདོད་པའི་དོན་ཡུལ་ཡིད་དུ་འོང་བའི་ གཟུགས་སྒྲ་ལས་སོགས་ལོངས་སྤྱོད་ཐམས་ཅད་ལ་དམིཌ་ནས་ཞེན་འཛིན་གྱི་བློས་དམ་དུ་འཆིང་ ཞིང་ཆེས་དབྲལ་དཀའ་བར་གྱུར་པའི་སེམས་བྱུང་དེས།རང་གི་འདོད་དོན་སྒྲུབ་པའི་ཆེད་དུ་ལུས་ ངག་གི་འབད་བརྩོན་བསྟུད་མར་བྱས་ནས་ཉིན་མོ་ཟས་དང་མཚན་མོ་གཉིད་ཆགས་པར་བྱས་ཀྱང་། བྱ་བ་དེ་དག་འགྲུབ་མིན་ལ་ཐེ་ཚོམ་གྱི་དྲྭ་བ་ཚུད་ནས་མྱ་ངན་དང་སེམས་ཁྲལ་གྱིས་ཆེས་གདུང་པའི་རྐྱེན་གྱིས། ལུས་ཁམས་ལ་ཡང་རྩུབ་གྱི་ནུས་པ་འཕེལ་ཞིང་ནུས་པ་དེ་རླུང་གི་མཚན་ཉིད་དང་བོན་ མཚུངས་པའི་དབང་གིས་། རླུང་གི་ནད་དེ་ལྡང་ཚད་ལས་བརྒལ་ནས་བསྐྱེད་པའོ། གཉིས་པ་ཞེ་སྡང་ལས་མཁྲིས་པ་ཇི་ལྟར་སྐྱེད་ཞེ་ན། རང་ཡུལ་ཡིད་དུ་མི་འོང་བ་ལས་སོགས་མི་དགའ་བ་འགའ་ལ་དམིགས་ནས། རང་རྒྱུད་མི་བདེ་བར་འཁྲུགས་པར་བྱེད་པའི་སེམས་བྱུང་དེས་རླུང་སེམས་ཀྱི་རྒྱུ་བ་དཀྲུགས་ཤིང་འདུ་ཕུང་འཁྲུགས་པའི་རྐྱེན་གྱིས།རླུང་ཁྲག་གི་རྒྱུ་བ་དེ་ཇེ་མགྱོགས་སུ་སོང་ནས་ཁྲག་རླུང་འཐབ་པས་ལུས་ཁམས་ཀྱི་དྲོད་རླངས་ཆེས་འཕེལ་ཏེ། རླུང་ཁྲག་གི་གནོན་ཤུགས་དེས་རེ་འགའ་གླད་སྙིང་གི་རྩ་ཕྲན་ཕྲ་མོ་འགས་ནས་འཆི་བ་སྲིད་ལ། འགའ་ཞིག་ལ་ནང་ཞེ་སྡང་འཁྲུགས་པའི་རྟགས་ལ་ཕྱི་མཐོང་ཡུལ་ཐམས་ཅད་དམར་ལམ་ལམ་འཆར་བ་དང་། ལུས་ཁམས་ལ་ཚ་རྣོའི་ནུས་པ་ཆེས་འཕེལ་བ་དེ་མཁྲིས་པའི་མཚན་ཉིད་དང་བོན་མཚུངས་པའི་དབང་གིས་མཁྲིས་པ་དེ་ཉིད་ལྡང་ཚད་ལས་བརྒལ་ནས་མཁྲིས་པའི་ནད་བསྐྱེད་པའོ། གསུམ་པ་གཏི་མུག་ལས་བད་ཀན་ཇི་ལྟར་སྐྱེད་ཞེ་ན། རང་ཡུལ་སྡུག་དང་མི་སྡུག་གང་རུང་མ་ཡིན་པའི་བར་མ་དམིགས་ཏེ་བླང་དོར་མི་གསལ་བའི་རྣམ་པ་ཅན་གྱི་སེམས་བྱུང་རྨོངས་པ་དེས། བཟང་ངན་དང་སྐྱོན་ཡོན་ལེགས་ཉེས་ཀྱི་རྣམ་གཞག་གང་ཡང་མི་ཤེས་ཤིང་འགྲངས་རྗེས་དལ་བར་སྡད་ཅིང་ཟས་སྐོམ་བཅུད་ཅན་རིགས་ བསྟེན་པ་དང་། སོ་ཀ་མ་ཡིན་པའི་དུས་སུ་ཉིན་པར་གཉིད་ལོག་པའི་རྐྱེན་གྱིས་ལྕི་སྣུམ་གྱི་ནུས་པ་བརྟས་ཤིང་ནུས་པ་དེ་བད་ཀན་གྱི་མཚན་ཉིད་དང་བོན་མཚུངས་ཀྱི་དབང་གིས་བད་ཀན་དེ་ཉིད་ལྡང་ཚད་ལས་བརྒལ་ནས་བད་ཀན་གྱི་ནད་དེ་བསྐྱེད་པའོ། གསུམ་པ་ཉེས་གསུམ་གྱི་གནས་དང་ལྡང་ཚད་དེའི་བྱེད་ལས་བཅས་བསྟན་པ་ནི། དང་པོ་ཐུགས་འབུམ་མཁའ་སྔོན་ལས། བད་ཀན་ཀླད་པ་ལ་བརྟེན་སྟོད་ལ་གནས། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ལ་གནས། རླུང་ནི་དཔྱི་རྐེད་ལ་བརྟེན་སྨད་ལ་གནས། ཞེས་དང་། དཔྱད་འབུམ་ལས། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། རྩ་གཅིག་གྱེན་དུ་སོང་བའི་ཀླད་པ་ཆགས། གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། དེ་ལས་བད་ཀན་སྐྱེད་པའི་སྟོད་ལ་གནས། རྩ་གཅིག་བར་དུ་ཟུག་པའི་སྲོག་རྩ་ཆགས་། ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན ནས་གནས། དེ་ལས་མཁྲིས་པ་སྐྱེད་པའི་བར་ལ་གནས། རྩ་གཅིག་ཐུར་དུ་ཟུག་པས་ གསང་བ་ཆགས། འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ། དེ་ལས་རླུང་སྐྱེད་སྨད་ལ་གནས་པ་ཡིན།ཞེས་གསུང་པས། སྤྱིར་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གནས་ས་ལུས་ཁམས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་གནས་ཀྱང་། ཁྱད་པར་ལུས་ཆགས་ཤིང་འཕེལ་བའི་རྩ་ལྟེ་བར་བརྟེན་ནས་སྲོག་ རླུང་གནས་པའི་རྩ་དེ་ལ་རྒྱུ་དུག་གསུམ་དང་འབྲས་བུ་ཉེས་གསུམ་གྱི་རྟེན་སྟོད་སྨད་བར་གསུམ་དུ་ གྱེས་ཏེ། རྩ་གཅིག་པུ་དེའི་རྩེ་མོ་གྱེན་དུ་སོང་བ་ལ་ཀླད་པ་ཆགས་ཤིང་དེ་ལ་གཏི་མུག་བརྟེན་ནས་གནས་པ་ཡིན་ཏེ། དེ་ལས་ལྕི་རྨོངས་སོགས་བོན་མཚུངས་ཀྱི་བད་ཀན་བསྐྱེད་ནས་སྟོད་ལ་གནས་པའོ། རྩ་གཅིག་པུ་དེའི་ཆ་ཤས་ཀྱི་རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ནག་པོ་ཆགས། ཞེ་སྡང་སྲོག་རྩ་ནག་པོའི་ཁྲག་ལ་བརྟེན་ནས་ཞེ་སྡང་གིས་ཁྲག་འཁྲུགས་ནས་མཁྲིས་པ་བསྐྱེད་ཅིང་བར་ན་གནས་པའོ། རྩ་གཅིག་པོ་དེའི་རྩ་བ་ཐུར་དུ་ཟུག་ནས་གསང་བ་ཆགས་པས་། འདོད་ཆགས་ཕོ་མོའི་གསང་བར་གནས་པའི་ཡང་གཡོ་སོགས་དང་བོན་མཚུངས་པའི་རླུང་ནད་བསྐྱེད་ཅིང་སྨད་ ན་གནས་པའོ། གཉིས་པ་ཉེས་གསུམ་གྱི་ལྡང་ཚད་བསྟན་པ་ནི་། དཔྱད་འབུམ་ལས། དང་པོ་རླུང་གི་ལྡང་ཚད་ལྒང་ཕུག་གང་། མཁྲིས་པའི་ལྡང་ཚད་རང་གི་གསང་སྒྲོ་གང་། བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ། ཞེས་གསུང་པས། ཐ་མལ་ནད་མེད་དུ་གནས་པའི་མིའི་ལུས་ཁམས་ལ་ལྷན་སྐྱེས་སུ་མངའ་བའི་ཉེས་པའི་ལྡང་ཚད་དེ་ནི། དང་པོ་རླུང་ནི་ལུས་ཁམས་ལ་ཁྱབ་པར་གནས་ཀྱང་མང་ཉུང་གི་ཚད་གཞི་དེ་རང་གི་མཁལ་མ་དང་འབྲེལ་བའི་དྲི་ཆུ་གསོག་པའི་སྣོད་ལྒང་པའི་གང་ཙམ་ཡོད་ལ་། གཉིས་པ་མཁྲིས་པའི་ལྡང་ཚད་ནམ་མང་ཉུང་གི་ཚད་གཞི་དེ་རང་གི་གསང་བའི་སྒྲོ་བ་སྟེ་རླིག་པའི་པགས་པ་གང་ཙམ་ཡོད། གསུམ་པ་བད་ཀན་གྱི་ལྡང་ཚད་ནི་རང་གི་ལག་པའི་ཁྱོར་བ་ཁ་ཅུང་ཟད་གཡེལ་བ་གཉིས་བསྡོམས་པ་ལ་སྙིམ་པ་ཞེས་བྱ་བ་དེ་གསུམ་གྱི་ཚད་དང་ལྡན་པའོ། དེ་དག་གི་ལྡང་ཚད་ཚད་དང་ལྡན་པ་ཡིན་ན་ཕན་ཚུན་གཅིག་བརྟེན་གཅིག་འཕེལ་དང་གཅིག་གྲོགས་གཅིག་བྱེད་ཀྱིས་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཅིང་། རྐྱེན་གཞན་གྱིས་དབང་གིས་དེ་དག་འཕེལ་ཟད་འཁྲུགས་གསུམ་དུ་ཕྱིན་ནས་ལུས་ཁམས་ལ་ཟུག་རྔུས་མནར་ནས་ནད་ཀྱི་ངོ་བོར་འགྱུར་བའོ། གསུམ་པ་ཉེས་གསུམ་རྣམ་པར་མ་གྱུར་པའི་བྱེད་ལས་ནི། དཔྱད་འབུམ་ལས། ཉེས་པའི་ལས་ནི་རླུང་གིས་དབུགས་འབྱིན་རྔུབ། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ། དབང་པོ་གསལ་དང་ལུས་རྗེས་འཛིན་པར་བྱེད།ཅེས་གསུང་པས། དང་པོ་རླུང་གི་བྱེད་ལས་ནི་དབུགས་ཕྱིར་འབྱིན་པ་དང་ནང་དུ་རྔུབ་པར་བྱེད་ཅིང་། ལུས་ཀྱི་ཡན་ལག་རྣམས་བརྐྱང་སྐུམ་དང་སྒོ་གསུམ་རང་རང་གི་བྱ་བའི་ཡུལ་ ལ་བསྐྱོད་ཅིང་འཇུག་ནས་ལོངས་སུ་སྤྱོད་པ་དང་། སྦྲིད་སྐྱུག་དང་ངར་སྣབས་ལས་སོགས་པའི་ཤུགས་འབྱིན་ཞིང་། དྭངས་མ་ལས་སོགས་ལུས་ཟུངས་རྣམས་རང་རང་གི་རྒྱུ་ལམ་བུ་ག་རྣམས་ནས་བདེ་བར་རྒྱུ་ཞིང་ཁྱབ་པར་བྱེད་པ་དང་། མིག་ལས་སོགས་དབང་པོ་རྣམས་རང་རང་གི་ཡུལ་ལ་ལོངས་སྤྱོད་ཅིང་གསལ་བར་བྱེད་པ་དང་། དེས་ལུས་ཁམས་ལ་མི་གནོད་ཅིང་རྗེས་སུ་འཛིན་པའོ། དེ་ཉིད་ལས། མཁྲིས་ལས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང་། ལུས་དྲོད་མདངས་གསལ་སྙིང་དཔའ་བློ་ལྡན་བྱེད།ཅེས་གསུང་པས། གཉིས་པ་མཁྲིས་པའི་བྱེད་ལས་ནི་མེ་དྲོད་རྣམ་གསུམ་གྱི་ཡོན་ཏན་གྱིས་ཟས་སྐོམ་གང་ཟོས་པ་རྣམས་མྱག་བཞུ་བྱས་ནས་བཀྲེས་ཤིང་སྐོམ་པ་དང་། ཟས་ལ་ཡིད་ག་བྱེ་ནས་བཟའ་བར་འདོད་པ་དང་ཟོས་པ་རྣམས་མྱུར་དུ་མེ་དྲོད་ཀྱིས་འཇུ་བར་བྱེད་ཅིང་།ལུས་ཁམས་ལ་དྲོད་འཕེལ་ནས་པགས་པའི་མདངས་གསལ་བ་དང་། བྱ་བ་གང་བྱེད་པ་ལ་མི་ཞུམ་པའི་སྟོབས་ དང་ལྡན་པ། ཤེས་བྱའི་གནས་ཀུན་ལ་བློ་གྲོས་ཀྱི་རིག་པ་གསལ་ཆེས་གསལ་བའོ། དེ་ཉིད་ལས། བད་ཀན་ལུས་དང་བློ་བརྟན་གཉིད་ལོག་དང་། ཚིགས་འབྲེལ་བཟོད་ཅིང་ལུས་འཇམ་སྣུམ་པར་བྱེད། ཅེས་གསུང་པས། གསུམ་པ་བད་ཀན་གྱི་བྱེད་ལས་ནི་ལུས་ཁམས་ལྕི་ཞིང་བརྟན་པ་དང་། བློ་ཁ་གཞན་གྱིས་བསྒྱུར་དཀའ་བའི་བློ་རྩེ་བརྟན་པ། གཉིད་ལོག་པ་ལ་དགའ་ཞིང་རུས་ཚིགས་རྣམས་ཕན་ཚུན་འབྲེལ་ཞིང་འབྱོར་བ། བློ་ཁོག་ཆེ་ཞིང་དཀའ་ངལ་དང་གནོད་པ་ལ་བཟོད་བསྲན་ནུས་པ། ལུས་ཕྱི་ནང་ཀུན་དཀར་ལ་འཇམ་ཞིང་སྣུམ་དང་ལྡན་པའོ། འདི་དག་གིས་ནུས་པ་རང་གི་རང་བཞིན་ལས་མ་གཡོས་པ་དེས་ནི་ལུས་རྗེས་སུ་འཛིན་པའོ། བཞི་པ་ཉེས་པའི་མཚན་གཞི་ངོས་གཟུང་ ནས་མཇུག་བསྡུ་བ་ནི། རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་ལས་བྱུང་བའི་མིའི་ལུས་ཁམས་དང་ལྷན་ཅིག་དུ་སྐྱེས་པའི་རླུང་སོགས་རྡུལ་རྫས་ཀྱི་ནུས་པ་དེས་མིའི་ལུས་ཁམས་ལ་རྒྱུན་ལྡན་གྱི་བྱ་བ་བྱེད་ཅིང་། རྫས་རིག་དེ་གཙོ་བོའི་ཆ་ནས་དབྱེ་ན་ཉེས་པ་གསུམ་དུ་ཡོད་ཅིང་། དེ་ཡང་དང་པོ་རླུང་ཞེས་ པ་ཡང་ཞིང་གཡོ་བའི་བདག་ཉིད་ཅན་དེ་ཉིད་མིའི་ལུས་ཁམས་གྲུབ་པ་ལ་མེད་དུ་མི་རུང་བའི་ཆ་ཤས་ཞིག་ཡིན་ཏེ། དེས་དབུགས་འབྱིན་རྔུབ་དང་ལུས་ཀྱི་གཡོ་འགུལ་དང་ཤུགས་འབྱིན་པ། ཁམས་སྨིན་ཞིང་དབང་པོ་སོགས་གསལ་བར་བྱེད་པ་ཐུན་མོང་གི་ནུས་པ་དང་། རླུང་སྦྱོང་ནས་རྩ་བའི་རླུང་ལྔ་ལས་སུ་རུང་བའམ་གནད་དུ་ཚུན་ན་ཐུན་མིན་གྱི་ཡོན་ཏན་ཚེ་རིང་ཞིང་གྲོང་འཇུག་ནུས་པ་དང་། ཆུ་ལ་བྱིང་བ་མེད་ཅིང་ཕུང་པོ་སྤྲུལ་བསྒྱུར་ལས་སོགས་བསམ་གྱིས་མི་ཁྱབ་པའི་ནུས་པ་འབྱུང་བའོ། གཉིས་པ་མཁྲིས་པ་ནི་དོན་ལྔ་སྣོད་དྲུག་གི་ཡ་གྱལ་དུ་གྱུར་པའི་མཁྲིས་པ་དང་མིང་གཅིག་ཀྱང་དོན་ཧ་ཅང་ཐ་དད་ཅིང་། འདིར་མཁྲིས་པ་ཞེས་པ་ལུས་ཁམས་ཆ་ཤས་ཐམས་ཅད་ལ་གནས་པའི་མེ་དྲོད་ཀྱི་མིང་དང་། དེ་ནི་ལུས་ཁམས་ཀྱི་གྲུབ་ཆའི་གལ་ཆེ་ཤོས་ཞིག་ཡིན་པ་དང་དེས་ཟས་སྐོམ་རྣམས་འཇུ་བར་བྱེད་ནས་ལུས་ཀྱི་སྟོབས་དང་གཟི་མདངས་འཕེལ་ཞིང་ཚེ་སྲོག་བརྟན་པར་ བྱེད་པ་ཡིན་ཏེ། དཔྱད་འབུམ་ལས། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་། ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད།ཅེས་གསུང་པའི་ཕྱིར། མེ་དྲོད་དེའི་རྟེན་གཙོ་བོ་ནི་ཕོ་བ་དང་གཞན་ཡང་ནད་དང་ལུས་ཟུངས་དྲི་མ་སོགས་དང་ཁྱད་པར་ཁྲག་ལ་རྟེན་ནས་དྭངས་སྙིགས་ལས་སོགས་འབྱེད་པའོ། གསུམ་པ་བད་ཀན་ཞེས་པ་ལུས་ཁམས་ཀྱི་ ཆ་ཐམས་ཅད་ལ་གནས་པའི་ཆུ་ཁམས་གཙོ་བོར་གྱུར་པ་ཞིག་གི་མིང་སྟེ། བད་ཅེས་བྱ་བ་ཆུ་དང་ཀན་ཞེས་བྱ་བ་ས་ཡི་ཁམས་གཉིས་འདོམས་པའི་བད་ཀན་ཞེས་སུ་བཤད་པ་དེ་ནི་ལུས་ཁམས་ལ་ཡོད་པའི་བརླན་གཤེར་གྱི་རིགས་ཐམས་ཅད་ཀྱི་སྤྱི་མིང་ཡིན་ནོ། དེ་བཞིན་རླུང་མཁྲིས་བད་ཀན་གསུམ་པོ་དེ་དག་རང་རང་གི་ལྡང་ཚད་ལས་རྣམ་པ་གཞན་དུ་མ་གྱུར་པ་རང་བཞིན་དུ་གནས་ན་ལུས་ཁམས་བདེ་ཐང་གི་རྒྱུ་ཡིན་པས། ང་ཚོའི་རླུང་སོགས་ཉེས་པ་དེ་དག་འཕེལ་ཟད་འཁྲུགས་གསུམ་མི་འགྲོ་བའི་ཐབས་ལམ་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་སོགས་ལ་སློབ་པ་ནི་ཤིན་ཏུ་གལ་ཆེའོ། སླར་སྨྲས་པ། བདག་ནི་སྐྱེས་སྦྱོང་ཤེས་རབ་ཆེས་དམན་པས། མ་རྟོགས་ལོག་འཁྲུལ་ཉེས་སྐྱོན་གང་ཡོད་པ། ཚད་གསུམ་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ལ། དད་འདུན་གུས་པས་བཟོད་གསོལ་ སྙིང་ནས་མཐོལ།། གསོ་རིག་རྟ་བདུན་དབང་པོའི་དཀྱིལ་འཁོར་གྱིས། རྒྱུ་འབྲས་ནད་ཀྱི་མུན་པ་ཀུན་བཅོམ་ནས། དགེ་ལེགས་དཔལ་གྱི་ལང་ཚོའི་པད་མོ་ལ། གཏན་བདེའི་འབྲས་བུ་གཡུར་དུ་སྨིན་པར་ཤོག།།
མུར་སོན་ཚུལ་མིན་གྱིས་བྲིས།