༈ གང་སྐུ་མཚན་དཔེའི་རྟེན་བཟང་ཧ་རའི་ལྗོན།
རྨད་བྱུང་ཚུལ་གོས་རིས་དྲུག་ལོ་འདབ་རྒྱས།
དྲི་མེད་གཙང་ཁྲིམས་ཉིས་བརྒྱའི་དྲི་ཞིམ་ཐུལ།
བསྟན་འགྲོའི་གཙུག་རྒྱན་ལུང༵་རྟོགས༵་བསྟན༵་ཉི༵་རྒྱལ།།
ཚད་གསུམ་གསུང༵་གིས་ལོག་རྟོག་བྲག་རི་གཞོམ།
བསླབ་གསུམ་རལ་གྲིས་སྒྲིབ་གཉིས་དྲུང་ནས་བཅད།
སྡོམ་གསུམ་པད་མས་འགྲོ་ཀུན་དྭངས་བ་འདྲེན།
མཚན་ལྡན་འགྲོ་བའི་མགོན་པོ་སྨན་རི་བ།།
རྒྱལ༵་ཀུན་ཐུགས༵་ཉིད་མཐའ་བྲལ་ལྷ་ལམ་ནས།
རྒྱལ༵་བསྟན་རིན་ཆེན་རྟ་བདུན་དབང་པོ་བཞད།
རྒྱལ༵་མཚན་འཁོར་ལོ་བཞི་ཡི་མཛད་འཕྲིན་རྒྱས།
རྒྱལ༵་བ་གཉིས་པའི་གདུང་འཚོབ་སྨན་རི་བ།།
གནས་མཆོག་ཁྱད་འཕ༵གས་འཕ༵གས་ཡུལ་སྨན་རིའི་རྩེར།
ལུང་རྟོགས་གྱེར་བསྟན་བསྟན་པའི་ཉིན་བྱེད་རྒྱས།
མ་བོས་སློབ་ཚོགས་ཚོགས་པའི་ཆུ་སྐྱེས་བཞད།
བསྟན་འགྲོའི་མགོན་གྱུར་རྒྱལ་བ་སྨན་རི་བ།།
མ༵་བཅོས་ཀུན་གཞི་མཐའ་བྲལ་ལྷ་ལམ་ཀློང་།
མ༵་འགགས་རང་རིག་ནམ་མཁའི་ནོར་བུ་ཡིས།
མ༵་དམིགས་རང་གིས་རང་གསལ་མྱོང་བའི་ཆ།
མ༵་སྒྲིབ་གསལ་བར་མཁྱེན་པའི་སྨན་རི་བ།།
མ༵་སྒོམ་ཀུན་གཞི་གཤིས་ཀྱི་གནས་ལུགས་དོན།
མ༵་རྩོལ་གོམས་ཞིང་འདྲིས་པའི་ཡོན་ཏན་ཆ།
མ༵་སྒྲུབ་ཉ་གང་ཟླ་བཞིན་ཆེས་འཕེལ་བ།
མ༵་ལུས་ཡོངས་སུ་རྫོགས་པའི་སྨན་རི་བ།།
མ༵་གཡོས་བྱུང་ཆུབ་སེམས་ཀྱི་ངང་ཉིད་ལས།
མ༵་འགགས་སྤྱོད་ལམ་རྣམ་བཞིའི་མཛད་འཕྲིན་རྒྱས།
མ༵་རྟོགས་སེམས་ཅན་ཕན་བདེ་སྟེར་བའི་གཉེན་།
མ༵་གྱུར་འགྲོ་བའི་སྐྱབས་མགོན་སྨན་རི་བ།།
ཁྱེད་ཀྱི་ཡོན་ཏན་ཟུར་ཙམ་བརྗོད་པའི་ཚེ་།
བདག་ལུས་བ་སྤུ་གཡོ་ཞིང་དགའ་བདེ་འདྲེན།
ཁྱེད་གསུང་ཟབ་མོའི་གདམས་ངག་ཐོས་པའི་མོད།
བདག་ཡིད་དད་པའི་པད་ཕྱག་སྙིང་ཁར་ཟུམ།།
བསྟོད་ཚིག་ལྷ་ཡི་རོལ་མོའི་མཆོད་སྤྲིན་འདིར།
སྡོབ་སྦྱོར་སྙན་ཚིག་ངག་གིས་ཆེས་དབེན་ཡང་།
བཅོས་མིན་དད་པའི་གདུང་ཤུགས་རབ་འཕེལ་ནས།
མགོན་ཁྱེད་བསྐལ་བརྒྱ་བརྟན་པའི་ཤིས་སུ་ཕུལ།།
རྨད་བྱུང་གྱེར་བསྟན་རྗེས་སུ་འཛིན་པ་ལ།
མི་འཇིགས་བློ་གྲོས་རྩལ་རྫོགས་རྒྱལ་བའི་སྲས།
མ་འོང་བསྟན་འགྲོའི་དོན་ལ་ཐུགས་བརྩེ་བས།
མི་འདོར་མཁྱེན་བརྩེས་གཟིགས་པར་སྐྱོབས་འཇུག་ཞུ།།
མདོ་སྨད་ཤར་ཡུལ་ཞིང་ལ་སྐུ་བལྟམས་ནས།
དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་སྐབས།
ཚོགས་གཉིས་ཡོངས་སུ་རྫོགས་པའི་རྟེན་འབྲེལ་ཆེད།
བཅོས་མིན་དད་པའི་གདུང་ཤུགས་བསྟོད་བསྔགས་འདི།།
སྐྱེས་སྦྱོང་ཤེས་རབ་ཡོན་ཏན་ཆེས་དམན་པ།
གཞུང་ལུགས་གནས་ལ་ཐོས་བསམ་ཆ་ཕྲ་བའི།
ཁྱུང་ནག་བཙུན་པ་བཟོད་པ་ཚུལ་ཁྲིམས་ནས།
གསོལ་བ་ལན་བརྒྱ་བཏབ་ཏེ་ཕུལ་བས་དགེ།།