སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ནག་དགོན་།
[ 2019/1/29 14:58:00 | By: tibet99 ]
 

ཁྱུང་ནག་བཟོད་པ་ཚུལ་ཁྲིམས།
 འོན་ཀྱང་ཐུགས་རྗེའི་སྐྱབས་འོག་ཚུད་པས་བླ་གྲྭའི་སེམས་ཤུག་གཅིག་བསྒྲིལ་ནས།
 གདུང་འདེབས་མཆོད་འབུལ་ཚུལ་བཞིན་བགྱིས་ནས་བླ་མའི་སྐུ་གདུང་ཞུགས་ལ་ཕུལ།།

 དགོན་འདིའི་བསྟན་པའི་བརྒྱུད་འཛིན་རྣམས་པ་འདོད་ཆུང་ཆོག་ཤེས་ལྡན་པའི་ངང་།
 ལྟ་བ་བླ་མེད་ཡང་རྩེས་ཁོག་དབུབ་གསལ་སྟོང་འཛིན་པ་བྲལ་བའི་ངང་།
 སྤྱོད་པ་ཚུལ་ཁྲིམས་གཙང་མས་སྡོམ་པས་ཕྲ་ཞིབ་བླང་དོར་གནས་ལ་གཟབ།
 སྙིང་རྗེས་འགྲོ་ཀུན་སྡུག་བསྔལ་གནས་ལས་བྲལ་བའི་ཐབས་ལ་འབད་པ་བསྐྱེད།

 ཕ་རོལ་ཕྱིན་བཅུའི་རིན་ཆེན་གཏེར་ལ་ངམ་མེད་དད་བརྩོན་འབད་བཞིན་གནས།
 རང་ནུས་གང་ཡོད་དགེ་ལ་བསྐུལ་ནས་བགྲང་བྱ་ལོ་གྲངས་ཁ་ཤས་རྫོགས།
 འོན་ཀྱང་དགོན་གནས་རྨིང་གཞི་དེ་ཡང་ས་གནས་བརྟན་པོ་མེད་པ་དང་།
 འཐུང་ཆུ་འགྲོ་ལམ་སྟབས་བདེ་མེད་རྐྱེན་དགོན་གནས་སྤོ་བའི་གྲོས་གཞི་མཐུན།

 དགོན་གནས་སྤོ་བའི་རེ་འདུན་དེ་ཡང་ས་གནས་མི་དམངས་སྲིད་གཞུང་དང་།
 རྫོང་སྲིད་གཞུང་དང་ཆོས་དོན་ཅུས་སོགས་འབྲེལ་ཡོད་སྡེ་ཚན་ཁག་རྣམས་ལ།
 རེ་འདུན་ཞུས་ནས་ཡུན་རིང་མ་འགོར་གནས་སྤོ་ཆོག་པའི་གནང་བ་ཐོབ།
 ལྷ་དང་བླ་མའི་ལུང་གིས་བསྔགས་པའི་ས་གནས་བཀྲ་ཤིས་སུམ་མདོ་རུ།

 སྤྱི་ལོ་ཉིས་སྟོང་བཅུ་ཡི་ལོ་རུ་དབྱར་དུས་གཟའ་སྐར་བཟང་བའི་ཉིན།
 ས་ལམ་ཡོན་ཏན་ཉམས་ཀྱིས་ཕྱུག་པའི་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དང་།
 གྲུབ་ཆེན་ནམ་མཁའི་མཚན་ཅན་གཉིས་ཀྱིས་ས་སློང་རྟེན་འབྲེལ་ཟབ་རྒྱས་བྱས།
 ཁྱུང་ནག་བླ་གྲྭ་ལྷ་སྡེ་ཡོངས་ཀྱིས་རྒྱལ་བསྟན་དར་བའི་ཁ་གཡང་འཐོར།
རྨིང་གཞི་གྱང་སོགས་རྡོ་བརྩེགས་ལས་གྲུབ་ཕྱོགས་སུ་འབུར་དོད་གློ་འབུར་མཛེས།
ཀ་གདུང་པ་ཏྲ་བསྣོལ་མའི་སྟེང་དུ་སྣ་ཚོགས་པད་མའི་གདན་འབུལ་བརྗིད།
སྟག་སེང་འབྲུག་ཁྱུང་ཡ་གད་འཕྲུལ་ལ་རིན་ཆེན་ཟ་ར་ཚག་གིས་སྤྲས།
ཕྱམ་དྲལ་རིན་ཆེན་བསྣོལ་མས་བལྟམས་པས་རྒྱ་ཕིག་གསེར་ཁྲི་འོད་དུ་འབར།།

གཟི་འོད་འབར་བའི་གསེར་ཞག་འཕྲོས་པས་གསས་ཁང་བ་རབ་ཡོངས་འདུལ་གྱི།
ཕུག་ལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་གཟི་བརྗིད་བྱིན་རླབས་ཚན་ཁ་ཆེ།
གཡས་གཡོན་འཇའ་ལུས་འཕོ་ཆེན་སྐུ་རྟེན་གང་མཇལ་ངན་སོང་སྒོ་མོ་གཅོད།
ནང་ལ་བཤད་སྒྲུབ་སྒོམ་པའི་སློབ་གླིང་འདུས་སྡེའི་གཙང་ཁྲིམས་རྨད་དུ་བྱུང་།

ལུང་རིག་གཏེར་གྱི་རྩལ་ཁ་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དྲུང་།
གབ་མཛོད་ས་གསུམ་སྡེ་སྣོད་རྣམས་དང་འཕྲུལ་སྒྲོན་རྣམ་ལྔའི་གཞུང་ཆེན་ལ།
ཐོས་བསམ་འཚོ་བ་རོལ་འོག་ཙམ་ནས་རྣམ་དཔྱོད་རིག་པའི་བང་ཁ་འགྲན།
ཡིན་མིན་བདར་ཤ་ཐལ་འགྱུར་གྱིས་བཅད་རྒྱལ་བསྟན་སྐྱོང་བས་བཤད་གྲྭའི་སྡེ།

ཟག་བཅས་གཟུགས་ཕུང་འོད་སྐུ་དེངས་པའི་ཀུན་མཁྱེན་དྲི་མེད་སྙིང་པོ་ཡི།
ཐུགས་དགོངས་རྩལ་ལས་ཡོངས་སུ་བལྟམ་པས་མཛོད་ཆེན་སྡེ་ལྔའི་གཞུང་དག་ལ།
འཆད་ཉན་ཐོས་བསམ་ཡང་དག་གིས་དྲང་དཔྱད་འཇོག་རེ་མོས་སྒོམ་པའི་མཐུས།
ས་ལམ་ཡོན་ཏན་ཉམས་རྟོགས་རྒྱས་པའི་རྣལ་འབྱོར་དོན་རྟོགས་སྒྲུབ་གྲྭའི་སྡེ།

བླ་མེད་ཨ་སྙན་རྫོགས་གསུམ་ལྟ་བ་མ་བཅོས་སྤྲོས་པའི་མཐའ་བྲལ་བ།
དམིགས་མེད་རང་གསལ་སྒོམ་པའི་མཐིལ་ལ་ཡེང་མེད་རིག་པའི་སོ་པ་བཙུག །
གསལ་སྟོང་འཛིན་པ་བྲལ་བའི་ངང་ལ་ཕ་རོལ་ཕྱིན་བཅུ་ལྷུན་གྱིས་གྲུབ།
མ་བཅོས་རིག་པ་རྐྱང་འདེད་རྒྱུན་སྐྱོང་རང་རིག་རྣལ་འབྱོར་སྒོམ་པའི་སྡེ།

སྡེ་གསུམ་རྣལ་འབྱོར་ལས་ལ་བརྩོན་ཞིང་འདོད་ཆུང་ཆོག་ཤེས་རང་གཤིས་བཟང་།
ལྷར་བཅས་འགྲོ་བའི་གཙུག་ཏུ་བཀུར་བའི་སེམས་དཔའ་འདུས་པ་རྒྱ་མཚོ་ཡི།
ལྷག་བསམ་འོ་མའི་རྒྱ་མཚོའི་ཀློང་ནས་གཞན་ཕན་རླབས་ཀྱི་ཟིལ་པ་འཐོར།
ཁྱུང་ནག་ལྷ་སྡེ་ཡོངས་ཀྱི་སེམས་ལ་དགེ་ཚོགས་རླབས་ཀྱི་མྱུ་གུ་རྒྱས།

གནས་འདིར་དཀར་ནག་སེར་གསུམ་ཡུལ་ལས་རླབས་ཆེན་ཁྱུང་ནག་གདན་ས་ཞིག།
གནས་འདིར་སྔོན་བྱོན་སྐྱེས་ཆེན་མང་པོ་གྲུབ་པ་ཐོབ་སའི་ཕ་ས་ཞིག།
གནས་འདིར་བླ་མེད་རྫོགས་ཆེན་བོན་གྱི་ཉམས་རྟོགས་རྒྱས་སའི་གནས་བཟང་ཞིག།
གནས་འདིར་གྲུབ་ཆེན་ནམ་འཕང་གཅོད་སའི་ཁྱུང་ནག་དགོན་གྱི་འདུས་སྡེ་ཡིན །།

གནས་འདིར་ས་དབྱིབས་པད་མ་རྒྱས་འདྲ་ནམ་ལ་འཁོར་ལོའི་གདུག་ཕུབ་ཚུལ།
གནས་འདིར་ཤར་ཕྱོགས་རྒྱ་སྟག་འགྱིང་འདྲ་བྱང་དུ་རུས་སྦལ་མཆོང་འདྲའི་དབྱིབས།
གནས་འདིར་ནུབ་ཕྱོགས་རྨ་བྱ་ལྡིང་འདྲ་ལྷོ་རུ་གཡུ་འབྲུག་འཁྱུག་འདྲའི་གནས།
གནས་འདིར་སྲུང་བཞིས་སྲུང་བའི་ཚུལ་དུ་གསང་སྔགས་བསྟན་པ་དར་སའི་ཞིང་།

གནས་འདིར་སངས་རྒྱས་བསྟན་པ་དར་བས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
གནས་འདིར་སེམས་ཅན་བདེ་སྐྱིད་རྒྱས་པས་ཨ་མ་བག་གྲོ་སྐུ་ཁམས་བཟང་།
གནས་འདིར་ཚེ་གཡང་བསོད་ནམས་འཕེལ་བས་ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས།
གནས་འདིར་ཚོགས་གཉིས་བསོད་ནམས་གཏེར་གྱིས་གཏན་དུ་བདེ་བ་ཐོབ་པར་ཤོག
ཁྱུང་ནག་བཟོད་པ་ཚུལ་ཁྲིམས་ཀྱིས་སྤྱི་ལོ་༢༠༡༨/༩/༢༥ཉིན

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.