༅༑ཁྱུང་ནག་སྦས་གནས་ཚེ་ཡི་རྫོང་ཆེན་གྱི་དཀར་ཆགས་བྱིན་རླབས་
གཏེར་ལྡན་བཞུགས་སྭོ།
༑ ན་མོ་དྲན་པ་མུ་ལ་ཨ་ཡུ་པ་ཤཾ་གུ་རུ་པདྨ་སརྦ་སིཌྷི་ཕ་ལ་ཧཱུྃ་ཨ།།
བདེ་སྟོང་གཡོ་མེད་ཀུན་དུ་བཟང་། གསལ་སྟོང་འགགས་མེད་ལོངས་སྤྱོད་རྫོགས། ཐུགས་རྗེ་དབྱེར་མེད་སྤྲུལ་པའི་སྐུ། དང་པོའི་སྐུ་གསུམ་ཕྱག་འཚལ་ལོ། སྐུ་ཡི་རིག་འཛིན་དྲན་པ་དང་། གསུང་གི་རིག་འཛིན་ཚེ་དབང་རྗེ། ཐུགས་ཀྱི་རིག་འཛིན་པདྨ་འབྱུང་། འཆི་མེད་ཡབ་སྲས་ གུས་པས་འདུད། སྐྱབས་གནས་ཀུན་འདུད་དེ་ཉིད་ཀྱི། རྗེས་འཇུགས་བོན་སྒོར་ཞུགས་པ་ ཡི། འཆི་མེད་བསྟན་གཉིས་གསང་སྔགས་གླིང་། མཁའ་འགྲོ་དབང་མོ་གྲོགས་ལྡན་བཅས། ཁྱུང་པོའི་ཡུལ་དུ་ཕྱིན་པའི་དུས། གནས་རྙིང་གནས་གསར་ཚོགས་འབྲེལ་བཞག། ཁྱད་པར་ཁྱུང་ནག་ཡུལ་གྲུ་དང་། ཕྱིན་པའི་ལྷ་མཐོང་མགར་བ་རི། མཚམས་པ་རྣམས་གཉིས་རི་ཁྲོད་ དུ། ཚོགས་མཆོད་འབུལ་ཞིང་འདུག་པའི་ནུབ། མཁའ་འགྲོ་དབང་གི་སྒྲོན་མ་ཡིས། ཐོ་རངས་འོད་གསལ་ངང་དུ་ནི། སྣང་ཁམས་འཇའ་ཚོན་དྲྭ་བའི་ཀློང་། གནས་རི་བླ་ཆེན་ཡབ་སྲས་ གསུམ། མཁའ་འགྲོ་འོད་ལྡན་འབར་མ་ཡིས། ཞལ་ནས་འདི་སྐད་གསུངས་པ་ཐོས། ཉོན་དང་ལས་ཀྱི་འཕྲོ་ཅན་ཁྱོད། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། ཐུགས་རྗེས་ཐབས་ཀྱི་བོན་ ཉིད་འགྲོ། རྒྱལ་བའི་འཕྲིན་ལས་མ་ལུས་སྐྱོངས། གནས་འདིར་ཡབ་སྲས་ཡུམ་བཞིའི་གནས། དེ་སྔ་སྦས་པའི་གནས་སུ་གྱུར། ཕྱི་ནང་གསང་བའི་ཟབ་གཏེར་དང་། བཀའ་རྟགས་རང་བྱོན་བསམ་མི་ཁྱབ། འགྲོ་དོན་འཕྲིན་ལས་དུས་ལ་བབ། ཕྱག་བསྐོར་སྐྱེ་འགྲོའི་སྒྲིབ་པ་དག། སྒོམ་སྒྲུབ་རྣལ་འབྱོར་གྲུབ་པ་ཐོབ། གནས་འབྲེལ་ངན་སོང་སྡུག་བསྔལ་མེད། མ་བརྗེད་ཐུགས་ཀྱིསདཀྱིལ་དུ་ཞོག། ཞེས་གསུངས་མཁའ་འགྲོ་དབྱིངས་སུ་གཤེགས། དག་སྣང་ལུང་བསྟན་གསལ་བར་ཤར། དེ་ཕྱིར་མཚམས་པ་རྣམས་གཉིས་ཀྱིས། གནས་ལམ་དགོས་ཀྱི་ནན་བསྐུལ་མཛད་། སྟག་ལའི་ཚོགས་དང་ཚེ་གཡང་ཚོགས། སྲུང་མའི་མཆོད་གསོལ་རྒྱ་ཆེར་བྱས། སྐད་ཅིག་སྣང་ཁམས་འཇའ་ཚོན་དབུས། བླ་ཆེན་དྲན་པ་ཡབ་སྲས་གསུམ། རིག་འཛིན་མཁའ་འགྲོ་གྲངས་མེད་པ། མཁའ་ལ་སྐར་ལྟར་བཀྲ་བ་བཞུགས། ཡུམ་ཆེན་འོད་ལྡན་འབར་མ་ཡིས། ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས། ཨ་ཧོ༔ གསོན་དང་རིག་འཛིན་ཡོངས་ཀྱི་བཀའ་། མ་དང་མཁའ་འགྲོའི་ལུང་གིས་བསྐུལ། སྔོན་ཚེ་བསྐལ་སྲིད་དང་པོ་ལ། ལྷ་བདུད་དཀར་ནག་དགེ་དང་སྡིག་། ཡོད་ཁམས་མེད་ཁམས་བསྟན་པ་རྩོད། དེའི་ཚེ་གདུག་པ་སྲི་རིགས་ཀྱིས། འགྲོ་ལ་མི་འདོད་མཚན་བསྟན་ལ། ལོག་པའིབདུད་ཚོགས་ཁ་དར་བའི། དེ་དག་སྐྱོབས་པའི་མགོན་པོ་ཆེ། རྣམས་མཁྱེན་རྒྱལ་བ་གཤེན་རབ་ཀྱིས་། བདུད་སྲིན་མ་རུང་འདུལ་བ་དང་། གདུལ་བྱ་འགྲོ་བའི་དོན་ཆེད་དུ། མཐར་ཐུགས་མ་འགགས་འགྲོ་དོན་མཛད། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། བསྟན་པའི་ཆ་ལ་གནས་པར་མཛད། གནས་ཆེན་གནས་ ཕྲན་བྱིན་བརླབས་ནས། ཁྱད་པར་གང་ཅན་བོད་ཀྱི་ཡུལ་། གདོང་དམར་སྲིན་པོའི་ཁ་གནོན་ མཛད། མགུལ་ལྷ་བརྟན་མ་ཐ་ཚིག་བསྟན། གཡུང་དྲུང་བོན་བསྟན་སྨོན་ལམ་བཞགས། ཁྱད་པར་སུམ་པ་གླང་གི་ཡུལ། གྱིམ་ཤོད་ཤེལ་བྲག་ཡུལ་ཆེན་དུ། བྲག་དམར་རི་འདུས་གནས་ཀྱི་འཁོར། སུམ་ཅུ་རྩ་གསུམ་ཡོད་པའི་ནང་། གནས་འདིར་ཐེའུ་མོ་སྤུན་གསུམ་གྱིས། འགྲོ་བའི་ སྲོག་དབུག་འཕྲོག་པར་བྱེད། དེའི་ཚེ་འཆི་མེད་ཡབ་སྲས་གསུམ་། རྫུ་འཕྲུལ་རྩལ་གྱིས་ ཐོག་མེད་བྱོན། ཐེའུ་རུང་མགར་བ་དམ་ལ་བཏགས། གནས་ལ་ཟབ་གཏེར་གྲངས་མེད་སྦས། དམ་ཅན་གནས་ཀྱི་སྲུང་མ་བསྐོས། ས་མིང་མགར་བ་བྲག་ཅེས་བྱ། གནས་ཀྱི་དབུ་རྩེ་དྲན ་པའི་གནས། བོན་གྱི་ཟབ་གཏེར་ཆ་གཅིག་ཡོད། གཡས་རྩེ་ཚེ་དབང་རིག་འཛིན་གནས། རྫོཌ ཆེན་བསྐོར་གྱི་ཟབ་གཏེར་ཡོད། གཡོན་རྩེ་པདྨ་མཐོང་གྲོལ་གནས་། སྙིང་ཐིག་དམར་ལ་ཟབ་ པ་ཡོད། མདུན་རི་འོད་ལྡན་འབར་མའི་གནས། མཁའ་འགྲོའི་དགོངས་འདུས་ཟབ་རྒྱ་ཡོད། རྒྱབ་རི་བཱཻ་རོ་ཙ་ནའི་གནས། མན་ངག་གསང་བའི་ལྡེ་མིག་ཡོད། མཐའ་བརྟན་དུར་ཁྲོད་ གནས་བརྒྱད་ཀྱི། འཇིགས་རོང་དྲེགས་པའི་གནས་རེ་ཡོད། ཞང་བོད་རྒྱ་གར་རིག་འཛིན་ གྱིས། ཞབས་བཅགས་བཀའ་རྟགས་ཡིག་འབྲུ་དང་། ངོ་མཚར་རང་བྱོན་བསམ་མི་ཁྱབ། གནས་མཆོག་ཚེ་ཡི་རྫོང་ཆེན་གསོལ། རིག་འཛིན་མཁའ་འགྲོ་འདུ་བའི་གནས། ཚོགས་ཀྱི་འདུ་བ་ཆེན་པོ་དང་། རོལ་མོ་ལྷ་ཡི་སྒྲ་དབྱངས་སྒྲོགས། ལས་ཅན་རྣམས་ཀྱི་ལྷ་ ཞལ་མཇལ། གསུངས་པའི་ལུང་བསྟན་མང་པོ་ཐོས། དུས་བཟང་དུས་ཆེན་བསྐོར་ བ་བཅུ། སྙིང་པོ་དུང་རེ་འདོན་དང་མཉམས། ཕྱག་འཚལ་ལས་ཉོན་སྡིག་སྒྲིབ་དག། མཚམས་སྒྲུབ་སྒོམས་པའི་གྲུབ་པ་ཐོབ། རྣལ་འབྱོར་ཟག་མེད་འོད་སྐུ་གྲུབ། དེ་ཕྱིར་ གནས་ཀྱི་ཡོན་ཏན་མྱུར། དྲན་པ་ཡབ་སྲས་ཡུམ་བཞིས་སྐྱོངས། ཚོགས་ཀྱི་རིག་པ་ འཛིན་པར་གྱུར། དེ་ལྟར་འགྲོ་ལ་གསལ་བར་བསྟན། མ་འོང་དོན་དུ་སྨོན་ལམ་ འབྲེལ། སྦས་གནས་འདི་ཡི་ཡོན་ཏན་ནི། གཞན་གྱི་འགྲན་པའི་ཟླ་བྲལ་ཡིན། ཁྱུང་ ལུང་དངུལ་མཁར་བྱ་རི་གཙུག། དཔལ་གྱི་རི་དང་འོད་ཟེར་འབྲེལ། རིག་འཛིན་ མཁའ་འགྲོ་ཚོགས་གྲལ་འདུ། ལྷ་སྲིན་དྲེགས་པ་མགྲོན་ལ་གཤེགས། དམ་ཅན་ར་ ཞོན་གནས་སྲུང་འཁོར། བདག་ནི་མཁའ་འགྲོ་འོད་ལྡན་འབར། མཁའ་ འགྲོའི་ལུང་བཞིན་སྐྱོང་བར་མཛོད། ཞེས་གསུང་གསལ་སྣང་དབྱིངས་སུ་ཡལ། དེ་ལྟར་གསང་བའི་རིག་འཛིན་གྱི། གནས་ཀྱི་ལུང་བསྟན་འབྱུང་ཚུལ་རྣམས། མཁའ་ འགྲོའི་ལུང་བཞིན་གསལ་བར་བཀོད། དེག་བས་འགྲོ་དོན་མཐར་ཕྱིན་ཤོགས། ཅེས་པའི་སྦས་གནས་ཚེའི་རྫོང་ཆེན་གྱི་དཀར་ཆགས་འདི་ནི། མཚམས་པ་རིན་པོ་ཆེ་ཤེས་རབ་ཚུལ་ཁྲིམས། བསོད་ནམས་ཡེ་ཤེས། ཚུལ་ཁྲིམས་རིན་ཆེན་གསུམ་གྱིས་བསྐུལ་ངོར། གསང་སྔགས་གླིང་པས་ལུང་བཞིན་བྲིས་པས་དེག་ལེགས་ཀྱི་སྣང་བ་ཕྱོགས་ཀུན་ཁྱབ པར་གྱུར་ཅིག། དེགའོ། སྨར་རོ། མངྒ་ལམ།
༄༅༑འཆི་མེད་ཡབ་སྲས་ཕྱག་འཚལ་འདུད།
གང་དེའི་སྦས་གནས་ཚེའི་རྫོང་། བསྐོར་ལམ་བཀའ་རྟགས་ཞབས་རྗེས་ནི། གནས་བདག་ མཁའ་འགྲོའི་ཞབས་རྗེས་དང་། ཟིང་པ་མཐུ་ཆེན་ཞབས་རྗེས་དང་། ལོ་ཙའི་བརྡ་ཡིག་ངོ་ མཚར་དང་། མཁའ་འགྲོའི་བརྡ་ཡིག་མང་པོ་བཀྲ། གཏེར་ཆེན་ཕྱག་བྲིས་མ་རང་བྱོན། བཞུགས་རྗེས་ལ་སོགས་ཁྱད་པར་ཡོད། ལྕེ་ཚ་མཁར་བུའི་ཕྱག་རྗེས་དང་། ཁྲ་སྤྱང་རྗེས་དང ཨ་ཡིག་གསལ། དྲན་པ་ནམ་མཁའི་ཞབས་རྗེས་དང་། འོད་ལྡན་འབར་མའི་ཞབས་རྗེས་ བཞུགས། རྒྱ་གར་ལན་ཚ་ཧཱུྃ་རང་བྱོན། ཚེ་དབང་རིག་འཛིན་པདྨ་འབྱུང་། ཞབས་རྗེས་བཀྲ དང་ཨ་རང་བྱོན། མཁའ་འགྲོའི་བརྡ་ཡིག་ལེགས་པར་བཀྲ། མཁའ་འགྲོ་སྡེ་ལྔའི་ཞབས་ རྗེས་དང་། ཡེ་ཤེས་མཚོ་རྒྱལ་ཞབས་རྗེས་བཀྲ། གཤེན་རབ་རྫུ་འཕྲུལ་ཞབས་རྗེས་དང་། ཨ་ཡིག་རང་བྱོན་ཁྱད་པར་ཅན། ཐུགས་རྗེ་ཀུན་སྒྲོལ་ཞབས་རྗེས་དང་། དབང་མོའི ་ཕྱག་བྲིས་ཨ་ཡིག་བཀྲ། རྫུ་འཕྲུལ་མཁའ་འགྲོའི་ཞབས་རྗེས་དང་། གསེར་རྔ་རང་བྱོན་ངོ་ མཚར་དང་། ཡེ་ཤེས་མཚོ་རྒྱལ་ཞབས་རྗེས་བཀྲ། ཚོགས་བདག་དབལ་མོའི་ཞབས་རྗེས་ དང་། བཱཻ་རོ་ཙ་ནའི་ཞབས་རྗེས་ཡོད། གཡུ་སྒྲ་སྙིང་པོའི་ཞབས་རྗེས་དང་། སེང་གདོང་ མཁའ་འགྲོ་རང་བྱོན་ཡོད། ལི་ཤུའི་ཞབས་རྗེས་གསལ་བ་དང་། མཁའ་འགྲོ་ཅོ་ཟའི་ཞབས་ རྗེས་དང་། ངོ་མཚར་རང་བྱོན་གསལ་བ་ཡོད། གཞན་ཡང་བཀའ་རྟགས་བསམ་མི་ཁྱབ། དགེ་ལེགས་སྨིན་གྲོལ་མཁའ་ཁྱབ་ཤོག།། ཅེས་པའི་སྦས་གནས་ཚེ་ཡི་རྫོང་ཆེན་གྱི་བསྐོར་ལམ་དཀར་ཆགས་འདི་ ནི་མཚམས་པ་རྣམས་གསུམ་གྱིས་བསྐུར་ངོ་གསང་སྔགས་གླིང་པ་ཡབ་ཡུམ་གྱིས་གནས་སྒོ་དབྱེ་སྐབས་སུ་བྲིས་པ་དགེའོ། མངྒ་ལྃ།