༈ བཱེེཌྲཱུར་རི་བཞིན་གཟི་བརྗིད་མཚན་དཔེའི་སྐུ།
དྲི་ཟའི་དབྱངས་བཞིན་འགགས་མེད་དྲུག་ཅུའི་གསུང་།
ལྷ་ལམ་དབྱིངས་བཞིན་སྤྲོས་བྲལ་འཁྲུལ་མེད་ཐུགས།
སྟོན་མཆོག་བརྒྱ་པའི་མགོན་དེ་ལན་བརྒྱ་བསྔགས།།
རིང་ནས་ཐུགས་བསྐྱེད་ཟབ་མོ་ལས་བལྟམས་པས།
བདུད་རྩི་འབུམ་བཞི་རྟ་བདུན་དབང་པའི་མཐུས།
མ་རིག་ཟུག་རྔུ་མུན་པའི་སྨག་རུམ་རྣམས།
སྐད་ཅིག་འདུག་པའི་བཟོད་མེད་རང་ཡལ་དེངས།།
གནས་ལྔའི་ཡ་གྱལ་གསོ་བ་རིག་པའི་གཞུང་།
སྟོང་གསུམ་རིན་ཆེན་བཀང་ཡང་ཁུག་མིན་པ།
སྐྱེ་འགྲོ་ཚེ་སྲོག་སྐྱོབས་པའི་བང་ཆེན་དུ།
གཞན་ཕན་ཐུགས་ཁེངས་དཔྱད་བུའི་དཔལ་དུ་ཤར།།
ལྷག་བསམ་དད་པ་ཀེ་ལ་ཤ་རིའི་རྩེར།
རྣམ་དཔྱོད་རི་དྭགས་དབང་པོའི་གཟི་མདངས་ཀྱིས།
མ་རིག་རྨོང་པའི་ཝ་མོ་གླད་འགེམས་ཤིང་།
རིག་པའི་གཡུ་རལ་ཕྱོགས་མེད་མཛེས་པའི་རྒྱན།།
སྐྱེས་སྦྱོང་ཤེས་རབ་གནམ་ལྕགས་རལ་གྲི་ལ།
ཚད་གསུམ་གངས་ཆུ་གྲང་མོས་ངར་བླུད་ནས།
མ་རྟོགས་ལོག་རྟོག་ཐེ་ཚོམ་དྲྭ་བ་རྣམས།
དྲུང་ནས་གཅོད་པའི་ནུས་པ་ཆེར་བརྟས་ཤོག །
ལས་ཉོན་གྱིས་འཕང་སྐྱེ་འགྲོའི་གཟུགས་ཕུང་ལ།
ཉོན་མོངས་དུག་གསུམ་མི་དགེ་བརྟེན་བཅས་པས།
དེ་གསུམ་རྒྱུ་ལས་འབྲས་བུ་རླུང་མཁྲིས་བད་།
ཇི་ལྟར་ལྡང་ཚུལ་ཅུང་ཞིག་འདི་ན་འཆད་། །
ཤེས་རིག་རྒྱལ་པོ་ཀུན་གྱི་འབྱུང་གཞིའི་ཀློང་།
ལྷུན་གྲུབ་རང་རྩལ་སྒྲ་འོད་ཟེར་ལྡང་པས།
དེ་ལ་གཞན་སྣང་འཛིན་པ་ལྷན་སྐྱེས་བློས།
ཀུན་བཏགས་འཁྲུལ་སྣང་མཚོ་ལ་དར་ཆགས་བཞིན།།
དེར་བརྟེན་ཡུལ་སྣང་ལ་ལྟོས་དུག་གསུམ་རྟོག།
ཡིད་འོང་ཞེན་ཆགས་དབྲལ་དཀའ་ཆགས་པའི་བློ།
མི་འོང་ལུས་སེམས་རྒྱུད་འཁྲུགས་ཞེ་སྡང་སེམས།
བླང་དོར་གནས་ལ་རྨོང་པའི་གཏི་མུག་གོ །
གཞི་ལས་གཞི་སྣང་སྒྲ་འོད་ཟེར་གཡོས་པས།
རང་སྣང་མ་ཤེས་གཞན་སྣང་འཛིན་པ་ཞུགས།
འོད་ལྔ་མེ་ཆུ་ས་རླུང་ནམ་མཁའ་ཞེན།
དྭངས་སྙིགས་མཐུ་ལས་ཕྱི་སྣོད་ནང་བཅུད་གྲུབ།།
བརྟན་གཡོ་སྣོད་བཅུད་འབྱུང་བཞིའི་ངོ་བོ་ལ།
གསོ་བྱའི་ནད་ཀྱང་འབྱུང་བཞི་འཕེལ་འགྲིབ་ལས།
གཉེན་པོ་སྨན་ཡང་འབྱུང་བཞིའི་རྐྱེན་གྱིས་བསྐྱེད།
དེ་ཕྱིར་ལུས་ནད་གཉེན་པོ་བདག་ཉིད་འབྲེལ།
ཡིད་འོང་ཞེན་པའི་ཡུལ་ལ་སེམས་འཕྲེང་ནས།
འདོད་དོན་འགྲུབ་མིན་ཐེ་ཚོམ་ཟས་གཉིད་ཆགས།
ལུས་སེམས་རྒྱུད་དུབ་ཡང་རྩུབ་ནུས་འཕེལ་བས།
ནད་ཀྱི་སྣ་འདྲེན་འདུ་བ་རླུང་ནད་ལྡང་།།
མི་སྡུག་ཡུལ་ལ་ལྟོས་ཏེ་སེམས་བརྒྱུད་འཁྲུགས།
རླུང་ཁྲག་འཐབས་པའི་དྲོད་རླངས་ཆེས་བརྟས་པས།
རེ་འགའ་གླད་སྙིང་རྩ་འགས་ཚ་རྣོ་འཕེལ།
ལུས་ཟུང་བསྲེགས་པའི་འདུ་བ་མཁྲིས་ནད་ལྡང་།།
སྣང་ཡུལ་བར་ལྟོས་བཟང་ངན་དབྱེར་མི་ཤེས།
བླང་དོར་གནས་རྨོང་ལུས་སེམས་དལ་བར་སྡད།
ཟས་སྐོམ་བཅུད་བརྟེན་ལྕི་སྣུམ་ནུས་པ་བརྟས།
ས་འདྲའི་གསོ་དཀའི་འདུ་བ་བད་ཀན་ལྡང་།།
ལུས་ཁམས་ཡུན་རིང་བདེ་བར་གནས་དགོས་ན།
ཟས་སྐོམ་འཕྲོད་བསྟེན་མི་དགེའི་ལས་སྤྱོད་སྤང་།
ཉམ་ཆུང་འབུ་སྲིན་སྡོམ་སྡིག་ལ་སོགས་པས།
ཤ་ཁྲག་ཁ་ཟས་རིང་དུ་དོར་ན་ལེགས།།
གསོ་བྱ་གསོ་བྱེད་མཚན་ཉིད་རང་བཞིན་སོགས།
དེ་ཉིད་འཕེལ་ཟད་ལྡང་ཚད་གནས་མིན་ལ།
རྣམ་དཔྱོད་རིག་པའི་འཕྲུལ་འཁོར་བསྐོར་ཤེས་ན།
བཞི་བརྒྱའི་ནད་རྣམས་མི་སེལ་ག་ལ་སྲིད།།
ཟ༵བ་ཟ༵བ་གསོ་རིག་བདུད་རྩི་རྒྱ་མཚོ་ལས།
ཡ༵ང་ཡ༵ང་བརྩོན་འགྲུས་ལྕགས་ཀྱུ་ལ་བརྟེན་ནས།
གས༵ལ་གས༵ལ་རྣམ་དཔྱོད་གསེར་གྱི་ཉ་མོ་དེ།
འབ༵ད་འབ༵ད་འབྲས་བུ་ཐོབ་པ་དོན་རེ་ཆེ།།
བཅུ་ཕྲག་རིག་གནས་ཟླ་བའི་མ་མ་ལས།
བརྩོན་འགྲུས་ཕྱག་གིས་རྣམ་དཔྱོད་གཟར་བུ་འཛིན།
ཀུན་གཞིའི་སྣོད་དུ་གནས་ལྔའི་བཅུད་བླུག་ནས།
འཛད་མེད་དྲན་ཤེས་ཁ་གཅོད་རབ་ཏུ་བསྔགས།།
བདག་གི་བློ་གྲོས་སྒོ་མོ་ཁ་འབྱེད་མཁན །
གསོ་རིག་གཞུང་ལུགས་སྟོན་པའི་བཀའ་དྲིན་ཅན།
མན་ངག་བཅུད་ཀྱི་ཕྱུགས་པའི་རྒན་རྣམས་ལ།
ལེགས་ཆའི་པད་ཆུན་ལྷག་བསམ་དར་དྲིལ་འབུལ།།
ལོ་ངོ་ཁྲི་བརྒལ་གསོ་རིག་ཉིན་མོ་བྱེད།
དུས་རབས་སྐྱ་རེངས་གསར་པས་ཉེར་དྲངས་ནས།
ཕན་བདེའི་འོད་ཟེར་འཛམ་གླིང་ཡོངས་ལ་ཁྱབ།
སྐྱེ་འགྲོའི་ནད་མུན་དྲུང་ནས་གཞིལ་བའི་གཉེན།།
དེ་ལྟར་གསོ་རིག་ཡིད་བཞིན་ནོར་བུ་ཡིས།
ནད་དང་དབུལ་འཕང་གདུང་བ་ཡོངས་སེལ་ནས།
གང་སྨོན་འདོད་འབྱུང་ལུས་ཁམས་བདེ་སྟེར་གཞུང་།
གངས་ཅན་མི་རིགས་ཡོངས་ཀྱི་བསོད་སྐལ་ལགས།།
དེ་ཉིད་འཛིན་སྐྱོངས་སྤེལ་བའི་སྐྱེས་བུ་ཀུན།
ས་ཕྱོགས་གར་བཞུགས་བར་ཆད་མིང་མེད་ཅིང་།
མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་པ་དང་།
དུས་ཀུན་དགའ་སྤྲོའི་དཔལ་ལ་སྤྱོད་འགྱུར་ཅིག །
གསོ་རིག་འབུམ་བཞི་ཉིན་བྱེད་དབང་པོ་ཡིས།
སྐྱེ་འགྲོའི་ལུས་ཁམས་ཆུ་སྐྱེས་རབ་ཏུ་བཞད།
ནད་མེད་ལང་ཚོའི་གེ་སར་ཕྱོགས་ཅུར་གདེངས།
གཏན་བདེའི་རྣམ་དཔྱོད་འབྲས་བུ་གཡུར་སྨིན་ཤོག ། བཟོད་ཚུལ་ནས་བྲིས