༒ཉག་གཅིག་མཐའ་བྲལ་བོན་སྐུའི་ལྷ་ལམ་ནས།
འགགས་མེད་རང་གསལ་རྫོགས་སྐུའི་ཉི་གཞོན་རྒྱས།
གཉིས་མེད་རྩལ་ལས་སྤྲུལ་སྐུ་ཆུ་ཟླའི་ཚུལ།
གང་འདུལ་དེར་སྟོན་བརྒྱ་པའི་མགོན་ལ་འདུས།།
མ་བཅོས་ཀུན་གཞི་མཐའ་བྲལ་ལྟ་བའི་ཀློང་།
མ་དམིགས་རང་བྱུང་རང་གསལ་སྒོམ་པའི་མཐིལ།
མ་རྩོལ་འཕྲིན་ལས་ལྷུན་གྲུབ་སྤྱོད་པའི་གདེངས།
མ་ལུས་ཡོངས་རྫོགས་འཇ༵འ་ལུས༵་ཉེར༵་དྲུག༵་འདུས།།
གངས་ཅན་བོད་ལ་ཆོས་བསྟན་མ་དར་གོང་།
བོན་གྱི་ཉིང་ཁུ་བླ་མེད་རྫོགས་ཆེན་འདི་།
ཉམས་སུ་ལེན་པའི་གྲོལ་ཐོབ་རྣལ་འབྱོར་བ།
གཟུགས་ཕུང་འོད་ལུས་དེངས་པ་ཉེར་དྲུག་བྱོན།།
འདི་དག་སྐུ་བརྙན་བཞེངས་ལ་ལོག་འཚོ་ལྔས།
དྲི་མས་མ་སླད་རྒྱལ་བསྟན་གཞུང་ལ་དད་།
རང་གཞན་རྒྱུད་ལ་ཚོགས་གཉིས་རྫོགས་པ་དང་།
མཐའ་ཡས་མ་རྣམས་བྱུང་ཆུབ་ཐོབ་ཕྱིར་ཡིན།།
གོང་གི་རྟོགས་བརྗོད་སྙན་རྒྱུད་རྣམ་ཐར་ལས།
ཟུར་དུ་ཕྱུང་ནས་འཁྲུགས་མེད་མུ་ཆགས་སུ།
རྒྱུད་རིམ་སྐལ་ལྡན་དད་པའི་གསོས་སུ་སྤེལ།
སྙན་རྒྱུད་ལྷ་དང་བླ་མས་གནང་བ་རྩོལ།
ཅེས་མཆོད་བརྗོད་དང་སྦྲེལ་རྩོམ་པ་དམ་བཅའི་ཚིག་གིས་ལམ་ཡང་པོར་
ཕྱེས་ནས་༧ ད་ལན་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི། ནང་རྟེན་སྐོར་ལས་འཇའ་ལུས་འཕོ་ཆེན་ཉེར་དྲུག་གི་སྐུ་བརྙན་གྱི་པར་རིས་དང་སྦྲག། དེ་དག་གི་རྣམ་ཐར་དངོས་དང་བཞེངས་མཁན་གྱི་བསྟན་སྦྱིན་
དེ་དག་ལ་གཟུགས་གཞུག་ཇི་ལྟར་ཕུལ་བའི་ཚུལ་བཤད་པའོ། ༧ དང་པོ་
རྒྱུད་པ་འཁྲུགས་མེད་རིང་རྒྱུད་མུ་ཆགས་སུ་རྒྱུད་པ་ལའང་བཞི། སེམས་
དཔའ་བརྡའི་རྒྱུད་པ་དང་། རིག་འཛིན་རིག་པའི་རྒྱུད་པ་དང་། གང་
ཟག་སྙན་ཁུངས་ཀྱི་རྒྱུད་པ་དང་། མཁས་པ་ལོ་པཎ་གྱི་རྒྱུད་པའོ། དང་
པོ་ནི། མངལ་སྐྱེས་སྤྲུལ་པའི་སྐུ་མཆོག། ཚེ་ལོ་བརྒྱ་པའི་མགོན་པོ་རྫོགས་
པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས། ལྷ་རབ་འོད་ཀྱི་སྲས་པོ་ཡོང༵ས་སུ༵་དག༵་པ༵་ལ་བརྒྱུད། བླ་མ་དེ་ཡང་དགོངས་
པ་མཁའ་ལྟར་དག་པས། ཐུན་མོང་གི་དངོས་འགྲུབ་མཁའ་ལ་འཕུར་
བ་དང་། ལྗགས་མཆིལ་གཏོར་བས། ས་ལ་མེ་ཏོག་འཁྲུངས་པར་ནུས། མཆོག་གི་དངོས་འགྲུབ་ཐབས་ཤེས་གཉིས་སུ་མེད་པའི་ངང་ནས་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་བཞི་པ། བཀྲ་རྡོ། ⑴འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་བྲམ་ཟེ་ལྷ་བྱིན་མཛེས་ཀྱི་སྲས་ཀླུ་བོ༵ན་བ༵་ནམ༵་ལ་རྒྱུད་དེ། བླ་མ་དེ་ཡང་
དགོངས་པ་དབྱིངས་ལྟར་གཡོ་བ་མེད་པས། ཐུན་མོང་གི་དངོས་འགྲུབ་
དངོས་སུ་ཀླུ་ལ་བོན་འཆད་ཅིང་། ཆུ་ལ་བྱིང་བ་མེད་པ་དང་། མཆོག་གི་
དངོས་འགྲུབ་སྐུ་ལུས་འོད་ཟེར་དུ་འཕྲོས་ནས་སངས་རྒྱས་སོ། ༼ བསྟན་འདི་
བཞེངས་པའི་སྦྱིན་བདག་ཙུའུ་གཉིས་པ། སྡེ་དཔལ་བསྟན་འཛིན། འབྱུང་
ལྡན། ༣༠༡ ⑵ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་རྒྱལ་པོ་ཁྲི་ལྡེ་འོད་ཀྱི་སྲས་མི་བོན་ཁྲི༵་སྡེ༵་ཟམ༵་བུ་ལ་བརྒྱུད་དེ། བླ་མ་དེ་
ཡང་དགོངས་པ་ངང་ཉིད་སྤྲོས་དང་བྲལ་བས། ཐུན་མོང་གི་དངོས་གྲུབ་མེ་
ཏོག་གི་ཆར་འབེབས་ཤིང་། ཏིང་འཛིན་མེ་ཡིས་ལོག་ལྟ་བསྲེགས་པ་ནུས། མཆོག་གི་དངོས་གྲུབ་སྐུ་ལུས་ཟག་མེད་དབྱིངས་སུ་སངས་རྒྱས་སོ། ༼ བསྟན་
འདི་བཞེངས་པའི་སྦྱིན་བདག་ཙུའུ་བཞི་པ། སྐྱ་ཐོ་ཚང་། (3) འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་བ་ནམ༵་སྐྱོལ༵་པོ༵་ལ་བརྒྱུད་དེ།
བླ་མ་དེ་ཡང་དགོངས་པ་མི་རྟོག་ཀློང་ན་གནས་པས། ཐུན་མོང་གི་དངོས་
གྲུབ་ལྷས་གསོལ་ཟས་འདྲེན་ཞིང་། གདུག་པ་ཅན་དབང་དུ་བསྡུད་པར་
ནུས། མཆོག་གི་དངོས་གྲུབ་ཡེ་ཤེས་ལྷ་དང་གཉིས་སུ་མེད་དོ། ༼ བསྟན་
འདི་བཞེངས་པའི་སྦྱིན་བདག་ཙུའུ་དང་པོ། མཁར་ནེ་ཕུ་ལོ་ཚང་། ⑷ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ལོ་བཞེངས༽ དེས་སྲས་ཁྲི༵་ཤོ༵་
རྒྱལ༵་བ༵་ལ་བརྒྱུད་དེ། བླ་མ་དེ་ཡང་དགོངས་པ་རོལ་པ་རྩལ་ཤར་དུ་ཤར་
བས། ཐུན་མོང་གི་དངོས་གྲུབ་ཏིང་འཛིན་ཟས་སུ་གསོལ་ཞིང་། ཁམས་
ཀྱི་ཟས་མི་དགོས།མཆོག་གི་དངོས་གྲུབ་སྣང་སྟོང་གཉིས་སུ་མེད་པར་སངས་
རྒྱས་སོ།འདི་ཡན་ཆད་སྐུ་ཚེ་ལ་ངེས་པ་མེད་དེ་སྐྱེ་འཆི་རང་དབང་ཅན་ཡིན། རྒྱལ་བའི་རྣམ་སྤྲུལ་དུ་གསལ་ལོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་
ཙུའུ་དང་པོ། སྔོ་ས་ཡ་ལོ་ཚང་། ⑸ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ གཉིས་པ་རིག་འཛིན་རིག་པའི་རྒྱུད་པ་ནི། ཁྲི་ཤོ་
རྒྱལ་བས་ར༵་ས༵ངས་བས༵མ་གྲུབ༵་ལ་བརྒྱུད་དེ། བླ་མ་་དེ་ཡང་དགོངས་པ་
མཁའ་ལྟར་དག་པས། ཐུན་མོང་གི་དངོས་གྲུབ་ཆུ་བོ་གྱེན་དུ་ལྡོག་ཅིང་། བ་ཝང་རྟ་རུ་ཞོན་པར་ནུས།མཆོག་གི་དངོས་གྲུབ་འོད་ཀྱི་སྐུ་རུ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་གཉིས་པ། ཟན་ཡ་
ལོ་ཚང་། ⑹ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་དར༵་མ༵་ཤེས༵་རབ༵་ལ་རྒྱུད་དེ། བླ་མ་དེ་ཡང་དགོངས་པ་ཀློང་ལྟར་གཡོ་བ
་མེད་པས། ཐུན་མོང་གི་དངོས་གྲུབ་ས་བདག་ཀླུ་གཉན་བྲན་དུ་འཁོལ་བ་
དང་། སྐུ་ལུས་དུ་མ་སྤྲུལ་ནུས། མཆོག་གི་དངོས་གྲུབ་སྐུ་ལུས་མ་བོར་
བ་དབྱིངས་སུ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་
ཙུའུ་ལྔ་པ། འབཱོ་དགེ་མ་ལོ་ཚང་། ⑺ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་ད༵ར་མ༵་འབོ༵ད་དེ༵་ལ་བརྒྱུད་དེ། བླ་མ་དེ་ཡང་
དགོང་པ་སྐུ་གསུམ་ལྷུན་གྲུབ་ཀྱི་རང་ས་ཟིན་པས། ཐུན་མོང་གི་དངོས་གྲུབ་
གསེར་བཙོ་འཕེན་པ་དང་དུག་ལ་སྨན་དུ་བསྒྱུར་བར་ནུས། མཆོག་གི་
དངོས་གྲུབ་སྐུ་ལུས་དུ་ཡལ་ནས་སངས་རྒྱས་སོ། བསྟན་འདི་བཞེངས་པའི་
སྦྱིན་བདག། འབཱོ་དགེ་བསོད་ནམ་དབང་གྲགས། ⑻ འབྱུང་ལྡན། ༣༠༡
སྤྱི་ལོ། ༢༠༡༦ ལོ་བཞེངས ༽ དེས་ཞང༵་ཞུང༵་ཁྲི༵་འཕེ༵ན་ལ་བརྒྱུད་དེ།
བླ་མ་དེ་ཡང་དགོངས་པ་འཆོར་མེད་ཀྱི་གཟུངས་དང་ལྡན་པས། ཐུན་མོང་
དངོས་གྲུབ་མུར་མཛེ་སྤྱན་གྱིས་གཟིགས་པས་སོས་ནུས། ཏིང་འཛིན་གྱི་
ཟས་ཀྱིས་འཚོ། མཆོག་གི་དངོས་གྲུབ་སྐུ་ལུས་ནམ་མཁའ་ལ་འཇའ་ལྟར་
ཡལ་བ་ལྟར་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་
དང་པོ། ལྷ་མགོན་ཚང་། ⑼ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་མུ་ཡེ༵་ལྷ༵་རྒྱུང༵་ལ་བརྒྱུད་དེ། བླ་མ་དེ་ཡང་དགོངས་པ་
རྩ་བྲལ་གྱི་ངང་ལ་གནས་པས། ཐུན་མོང་དངོས་གྲུབ་ལྷ་སྲིན་བྲན་དུ་འཁོལ་
བ་དང་། ཐེལ་རང་དངོས་སུ་སྒྲོལ་བ་ནུས། མཆོག་གི་དངོས་གྲུབ་སྐུ་ལུས་
ས་ལ་མ་བཞག་པར་མཁའ་སྤྱོད་དུ་གཤེགས་སོ། བསྟན་འདི་བཞེངས་པའི་
སྦྱིན་བདག་ཙུའུ་གཉིས་པ། གཤོང་སྡོང་ཚང་། ⑽ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་རྨ་གཤེན༵་ལེགས༵་བཟ༵ང་ལ་བརྒྱུད་
དེ། བླ་མ་དེ་ཡང་དགོངས་པ་སྐྱོན་མེད་དག་པས། ཐུན་མོང་གི་དངོས་
གྲུབ་ཉི་ཟེར་ལ་ན་བཟའ་འགེལ་བ་དང་། རི་སྐམ་ལ་ཆུ་འདོན་པར་ནུས།
མཆོག་གི་དངོས་གྲུབ་ཡི་དམ་ལྷ་དང་དབྱེར་མེད་དོ། དེ་ཡན་གྱི་རྒྱུད་པ་
རྣམས་ཀྱི་འགྲོ་དོན་རྫོགས་ནས་མྱ་ངན་འདས་དུས་སུ། སྐུ་ལུས་ས་ལ་
མ་བོར་འོད་ཀྱི་རང་བཞིན་དུ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་
སྦྱིན་བདག་ཙུའུ་གསུམ་པ། འབཱོ་ནོར་བུ་ཚང་། ⑾ འབྱུང་ལྡན། ༣༠༡
སྤྱི་ལོ། ༢༠༡༦ ལོ་བཞེངས༽ ༒གསུམ་པ་གང་ཟག་སྙན་ཁུངས་ཀྱི་
བརྒྱུད་པ་ནི། རྨ་གཤེན་ལེགས་བཟང་གིས་གྱེར༵་གཤེན༵་སྟག༵་ལ༵་ལ་བརྒྱུད་དེ།
བླ་མ་དེ་ཡང་དགོངས་པ་སྐྱེ་འགག་གཉིས་མེད་དུ་རྟོགས་པས། ཐུན་མོང་
གི་དངོས་གྲུབ་སྐུ་ལུས་དུ་མ་སྤྲུལ་པ་དང་། ཉི་ཟེར་ལ་ཞོན་ནས་གླིང་བཞིར་
བགྲོད་ནུས། མཆོག་གི་དངོས་གྲུབ་སྐྱེ་འཆི་མེད་པའི་རང་ས་ཟིན་ནོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་གཉིས་པ། གཤོང་སྡོང་འབཱོ་
དགེ་ཚང་། ⑿ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་ར༵་ས༵ང་གཡུང༵་དྲུང༵་གསས་ལ་བརྒྱུད་དེ། བླ་མ་དེ་ཡང་དགོངས་པ་
མངོན་དུ་གྱུར་པས། ཐུན་མོང་གི་དངོས་གྲུབ་གཡག་རྒོད་དངོས་སུ་འགེལ
་ཞིང་། མཆོག་གི་དངོས་གྲུབ་བོན་ཉིད་གཡོ་བ་མེད་པའི་ངང་དུ་གནས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་གཉིས་པ། རྔོ་ཁོ་ཚང་། ⒀ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་ར༵་སང༵ས་
གཡུང༵་འཕེ༵ན་ལ་བརྒྱུད་དེ། བླ་མ་དེ་ཡང་དགོངས་པ་སྒོམ་པ་སྒོམ་མེད་
ཆེན་པོར་རྟོགས་ནས། ཐུན་མོང་གི་དངོས་གྲུབ་རྒྱ་མཚོ་མཐུ་བར་འདྲིལ་
བ་དང་། རི་བོ་ཟོར་དུ་འཕེན་པར་ནུས། མཆོག་གི་དངོས་གྲུབ་ས་ལམ་
མ་བགྲོད་པར་ཅིག་ཆར་དུ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་
སྦྱིན་བདག་ཁྱུང་ནག་དགོན་གྱི་གྲྭ་བཙུན། རྟོགས་ལྡན་སྨོན་ལམ་ཕུན་
ཚོགས། ⒁ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་ད༵གེ་འབ༵ར་དོ༵ན་འ༵གྲུབ་ལ་བརྒྱུད་དེ། བླ་མ་དེ་ཡང་དགོངས་པ་སྟོང་
གསལ་མཐའ་དང་བྲལ་བས། ཐུན་མོང་གི་དངོས་གྲུབ་མངོན་ཤེས་རྩལ་
རྣམས་རྫོགས་ནས་ཕ་རོལ་གྱི་སེམས་ཤེས་པ་དང་། ལྐོག་གྱུར་སྣ་ཚོགས་
དགོངས། མཆོག་གི་དངོས་གྲུབ་ཡེ་སངས་རྒྱས་པའི་ངང་ལས་གཡོ་བ་
མེད་དོ།༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་བཞི་པ། བ་ས་སེ་
རིས་ཚང་། ⒂ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽
དེས་གྱེར༵་སྤུང༵ས་ད༵གེ་འཕེ༵ན་ལ་བརྒྱུད་དེ། བླ་མ་དེ་ཡང་དགོས་པ་མཉམ་
ཉིད་རྟོགས་པས། ཐུན་མོངས་གི་དངོས་གྲུབ་བཙོ་དམར་མདའ་ལྟར་
འཕེན་པ་དང་། ལྷ་སྲིན་བྲན་དུ་འཁོལ་ནུས། མཆོག་གི་དངོས་གྲུབ་
དམིགས་མེད་ཀྱི་ངང་ལ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་
སྦྱིན་བདག་ཙུའུ་གཉིས་པ། ཟླ་ཚེ་བསྟན་པ་དོན་ཡོད། ⒃ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་སྲས༵་ད༵གེ་རྒྱལ༵་ལ་
བརྒྱུད་དེ། བླ་མ་དེ་ཡང་དགོང་པ་དོན་དམ་མངོན་དུ་གྱུར་པས། ཐུན་
མོང་གི་དངོས་གྲུབ་ས་རྡོ་རི་བྲག་ལ་ཐོག་པ་མེད། མཆོག་གི་དངོས་གྲུབ་
དོན་གཉིས་མཐར་ཕྱིན་ཏེ་སངས་རྒྱས་སོ།༼ བསྟན་འདི་བཞེངས་པའི་
སྦྱིན་བདག་ཁྱུང་ནག་དགོན་གྲྭ་བཙུན། དཔལ་ལྷ། ⒄ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ དེས་ཞང༵་ཞུང༵་རྣམ༵་རྒྱལ༵་
ལ་བརྒྱུད་དེ། བླ་མ་དེ་ཡང་རང་རིག་མངོན་དུ་གྱུར་པས། ཐུན་མོང་གི་
དངོས་གྲུབ་རྩ་རླུང་ལ་མངའ་བསྙེམས་ཤིང་། ཐིག་ལེ་ལ་རང་དབང་ཐོབ། མཆོག་གི་དངོས་གྲུབ་འཁོར་འདས་དབྱེར་མེད་དུ་རྟོགས་ཏེ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཁྱུང་ནག་དགོན་གྱི་གྲྭ་
བཙུན་། རྣལ་འབྱོར་ནམ་མཁའ་ཡེ་ཤེས། ⒅ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས༽ དེས་མུ་རྒྱུང༵་དཀ༵ར་པོ༵་ལ་བརྒྱུད་དེ། བླ་མ་དེ་
ཡང་བཟུང་འཛིན་འཁྲུལ་པ་ཞིག་ནས། ཐུན་མོང་གི་དངོས་གྲུབ་སྐུ་གསུང་
ཐུགས་ལས་སྤྲུལ་པ་བསམ་འདས་འགྱེད་ནུས། མཆོག་གི་དངོས་གྲུབ་བརྗོད་
མེད་ཆེན་པོའི་ངང་ལ་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་
བདག་ཙུའུ་གཉིས་པ། རྣམ་རྒྱལ་དབང་འདུས། ⒆ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ དེས་ཧོར༵་ཏི༵་ཆེ༵ན་པོ༵་ལ་
བརྒྱུད་དེ། བླ་མ་དེ་ཡང་མཁས་ཤིང་གྲུབ་པ་བསྙེམས་པས། ཐུན་མོང
་གི་དངོས་གྲུབ་མི་བསྙེལ་བའི་གཟུངས་དང་ལྡན་ཞིང་། ཐེག་དགུ་མཁྱེན་པ། མཆོག་གི དངོས་གྲུབ་སྐྱེ་ཤི་མེད་པ་རྒྱུན་ཞུགས་ཀྱི་འགྲོ་དོན་མཛད་པ། དེ་
ཡན་ཆད་ནི། སངས་རྒྱས་འགྲོ་དོན་ལ་རྣམ་སྤྲུལ་དུ་བྱོན་པ་ཡིན་པས། མཁྱེན་བརྩེའི་ཡོན་ཏན་དང་གྲུབ་པའི་དོན་རྟགས་དུ་མ་དང་ལྡན་ཞིང་། རྫུ་འཕྲུལ་ཕྱོགས་བཅུ་འབྱེད། འཁོར་བ་རྩད་ཆོད་ཁྱད་པར་དོན་གྱི་རིག་
འཛིན་ཡིན་པས། མྱ་ནང་ལས་འདས་དུས་ཕུང་པོ་ས་ལ་མི་འབོར་རྫུ་
འཕྲུལ་སྟོབས་ཀྱི་ས་འདས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་
ཙུའུ་གཉིས་པ། ཟླ་སེ་ཚང་། ⒇ འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ ༒བཞི་པ་མཁས་པ་ལོ་པཎ་གྱི་བརྒྱུད་པ་ནི། ཧོར་ཏི་ཆེན་པོ་ནས་དོན༵་ཀུན༵་གྲུབ༵་པ༵་ལ་བརྒྱུད་དེ། བླ་མ་དེས་རྩ་བྲལ་གྱི་
ལྟ་བ་རྟོགས། དབུ་རྒྱན་གྱི་བླ་མ་བཞི་པོ་དེ་ཡང་ཐུན་མོང་གི་དངོས་གྲུབ་
ཆུ་ལ་མི་བྱིང་པ། མཁའ་ལ་འཕུར་བ་དང་། ཕ་བོང་རྟ་ཞོན་པ། ཆུ་བོ་
གྱེན་དུ་བཟློག་པ་ལས་སོགས་ལ་ཐོགས་པ་མེད། མཆོག་གི་དངོས་གྲུབ་
རྟོག་མེད་ཆེན་པོ་མངོན་དུ་གྱུར་ནས་སངས་རྒྱས་སོ། ༼ བསྟན་འདི་བཞེངས་
པའི་སྦྱིན་བདག་ཙུའུ་གཉིས་པ། ཡ་ཟ་དུད་གཉིས་ནས།(21) འབྱུང་
ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ དེས་ར༵་སང༵ས་
འཕ༵ན་རྒྱལ༵་ལ་བརྒྱུད་དེ། བླ་མ་དེས་གསལ་སྟོང་གི་སྒོམ་པ་ལ་མངའ་
བསྙེམས།དབུ་རྒྱན་གྱི་བླ་མ་བཞི་པོ་དེ་ཡང་ཐུན་མོང་གི་དངོས་གྲུབ་ཆུ་ལ་མི་བྱིང་པ། མཁའ་ལ་འཕུར་བ་དང་། ཕ་བོང་རྟ་ཞོན་པ། ཆུ་བོ་གྱེན་དུ་
བཟློག་པ་ལས་སོགས་ལ་ཐོགས་པ་མེད། མཆོག་གི་དངོས་གྲུབ་རྟོག་མེད་
ཆེན་པོ་མངོན་དུ་གྱུར་ནས་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་
སྦྱིན་བདག་ཙུའུ་གཉིས་པ། འབཱོ་དགེ་སྐྱིད་སྡིད་།(22) འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ དེས་གུ་རི༵བ་གས༵ས་
དག༵འ་ལ༵་བརྒྱུད་དེ། བླ་མ་དེ་ནི་རོ་སྙོམས་སྤྱོད་པ་སྐྱོངས། དབུ་རྒྱན་གྱི་
བླ་མ་བཞི་པོ་དེ་ཡང་ཐུན་མོང་གི་དངོས་གྲུབ་ཆུ་ལ་མི་བྱིང་པ། མཁའ་
ལ་འཕུར་བ་དང་། ཕ་བོང་རྟ་ཞོན་པ། ཆུ་བོ་གྱེན་དུ་བཟློག་པ་ལས་
སོགས་ལ་ཐོགས་པ་མེད། མཆོག་གི་དངོས་གྲུབ་རྟོག་མེད་ཆེན་པོ་མངོན་
དུ་གྱུར་ནས་སངས་རྒྱས་སོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་
ཙུའུ་གསུམ་པ། བསོད་ནམས་རྡོ་་རྗེ་ནས།(23)འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ལོ་བཞེངས ༽ དེས་ཟླ༵་བ༵་རྒྱལ༵་མཚ༵ན་ལ༵་བརྒྱུད་དེ། བླ་མ་དེ་
ནི་བོན་ཉིད་རང་ས་ཟིན། དབུ་རྒྱན་གྱི་བླ་མ་བཞི་པོ་དེ་ཡང་ཐུན་མོང་གི་
དངོས་གྲུབ་ཆུ་ལ་མི་བྱིང་པ། མཁའ་ལ་འཕུར་བ་དང་། ཕ་བོང་རྟ་ཞོན་
པ། ཆུ་བོ་གྱེན་དུ་བཟློག་པ་ལས་སོགས་ལ་ཐོགས་པ་མེད། མཆོག་གི་
དངོས་གྲུབ་རྟོག་མེད་ཆེན་པོ་མངོན་དུ་གྱུར་ནས་སངས་རྒྱས་སོ།༼ བསྟན་
འདི་བཞེངས་པའི་སྦྱིན་བདག་ཙུའུ་གཉིས་པ། རྡོ་དཀར་ཚང་།(24) འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ ལྷ་བོན་ཡོངས་སུ་
དག་པ་ནས་བཟང་བརྒྱུད་པ་འཁྲུགས་མེད་དོ། ༒ གཉིས་པ་ཉེ་བརྒྱུད་
ཐོག་བབས་ཀྱི་བརྒྱུད་པ་ལས། སྤྲུལ་སྐུ་དྲིན་ཅན་གཉིས་ནི། དང་པོ་བླ་
མ་དེས་སློབ་མ་ནི། དཔོ༵ན་ཆེ༵ན་ཏ༵་པི༵་ར༵་ཙ༵འི་ལོ་བརྒྱུད་ལ་ལྔ་། དང་པོ་
གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། ཡབ་ར་སངས་
ཀླུ་རྒྱལ། ཡུམ་ཤེས་རིག་གསལ་ཡིན། དེས་སྲས༵་ཏ༵་པི༵་ར༵་ཙ༵་ཞང་
སྐད་ཡིན་ནོ། བོད་སྐད་དུ་རྒྱལ༵་པོ༵འོ། གཉིས་པ་ལས་འཕྲོ་དང་སྐལ་པ་
ལྡན་པས། བཀའ་དྲིན་ཅན་གྱི་བླ་མ་ཇི་ལྟར་མཇལ་ན། ཡབ་ར་སངས་
ཀླུ་རྒྱལ་དང་། དཔོན་ཆེན་ར་སངས་གཉིས་ལ་ཡང་བོན་ཞུས། ཁྱད་པར་
གང་ཟག་ཉི་ཤུ་རྩ་བཞིའི་གཞུག། ཚེ་སྤུངས་ཟླ་བབ་རྒྱལ་མཚན་ལ། བཀའ་
རྒྱུད་ཉམས་རྒྱུད་རྫོགས་པར་ཞུས་སོ། གསུམ་པ་ས་གནས་ཁྱད་པར་ཅན་
གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། སྟག་ཐབས་སེང་གེའི་བྲག་ལ་
དཀའ་བ་སྤྱད་དེ། ལོ་དགུའི་མི་ཚིག་གིས་བར་མ་ཆད་པར་ཉམས་སུ་
བླངས། བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྙེམས་ནས། ཕུང་པོ་
ལྷག་མེད་དུ་སངས་རྒྱས་སོ། ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་
པ་ནི། བདག་དོན་དུ་བོན་སྐུ་མངོན་དུ་གྱུར་ནས། གཞན་དོན་དུ་
སྤྲུལ་པའི་སྐུ་བྱིས་པར་〔ཞང་སྐད་ཀྱི་ཏ༵་པི༵་ར༵་ཙ༵་དེ་ཧྲི༵་ཙ༵ར་སྤྲུལ〕 སྤྲུལ་ནས། རྣམ་མཁྱེན་གྱི་ཡེ་ཤེས་ཐོབ། སྐུ་མ་ངེས་པ་དུ་མར་སྤྲུལ། སྐལ་ལྡན་
གྱི་རྒྱུད་གཅིག་ཆར་དུ་གྲོལ་བ་ལགས་སོ། ཡོན་ཏན་དུ་མ་དང་ལྡན་ནོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་དང་པོ། ཨ་ཉག་ཚང་།(25) འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ བླ་མ་དེའི་
སློབ་མ་ནི། གྱེ༵ར་སྤུང༵ས་ཆེ༵ན་པོ་སྣང༵་བཞེར༵་ལོ༵ད་པོ༵འི་ལོ་རྒྱུས་ལ་ལྔ། དང་
པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། གདུང་རུས་གུ་
རིབ་ཡིན། ཡབ་གུ་རིམ་འབུམ་མེ་དང་། ཡུམ་མང་འོར་ཟ་སྒྲོན་ནེ་བྱ་བ་
ཡིན། ༧ གཉིས་པ་ལས་འཕྲོ་དང་སྐལ་པ་ལྡན་པས། བཀའ་དྲིན་ཅན་
གྱི་བླ་མ་དང་ཇི་ལྟར་མཇལ་ཞེ་ན། དགུང་ལོ་བཅུ་གསུམ་ལོན་པ་དང་བོན་
སྒོར་ཞུགས། བཞི་བཅུ་ཞེ་བདུན་ལ་སྤྲོས་པ་མཐའ་བཅད་པའི་དུས་ན། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་ཟང་ཟིང་གི་ལོངས་སྤྱོད་མང་པོ་ཕུལ། མ་མིག་
གི་ནུབ་ཕྱོགས་བྲག་རོང་དཀར་པོའི་གསེབ་ཏུ་ངོ་སྤྲོད་ལྔའི་གདམས་པ་
བཏབ་ནས། གྱེར་སྤུངས་ཆེན་པོས་འདི་སུ་ལ་ཡང་མི་སྟོན་ལགས་ཞུས་
པས། བླ་མའི་ཞལ་ནས། སྣོད་ལྡན་བྱུང་ན་བརྒྱ་ལ་ཡང་སྟོན་ཅིག་
གསུངས་སོ། གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བསྟན་པའི་ཚེ་དུ་
བཞུགས་པ་ནི། ཡུལ་ད་རོག་ཡིན། མཚོ་སྨན་ལས་སོགས་མི་དང་མི་མིན་
འདུ། ས་དེར་དཀའ་བ་སྤྱད་ཚུལ་ནི། ལོ་གཅིག་མཚོ་གླིང་གི་དོ་ལ་དཔོན་
སློབ་གཉིས་ཀྱིས། སྐུ་རྒྱགས་ཆ་རྐྱེན་དང་བཅས་ནས་བཞུགས་སོ། གྱེར་
སྤུངས་ཀྱིས་གསོལ་གྱི་གཞུག་ཏུ་ཟན་ཏིང་རེ་བཞག། དེ་ནས་མཚོ་རུལ་ཏེ། ཡང་ཟན་ཏིང་གཞུག་ལ་འཇམ་རེ་མཛད་ནས། དཔོན་སློབ་གཉིས་པོས་
གསོལ། འཇམ་གྱི་གཞུག་གི་རྩིག་མ་རེ། དབུ་བསྔས་ཀྱི་བྲག་ལ་ཕོ་ཡིན་
བཞག། ཡང་མཚོ་རུལ། བྲག་ངོས་ཀྱི་འཇམ་རྩིགས་བྲེད་ནས། དེ་ཆུ་
ལ་བཏབ་ཀྱིན་གསོལ་ནས། ལོ་གསུམ་སོང་བ་དང་། ཕྱག་ཕྱི་བའི་བསམ་
པས། ངད་དཔོན་སློབ་གཉིས་ཀར་ནི་ནམ་ཀྱང་འགྲོངས་ནི་འགྲོངས་པར་
འདུག་དང་ལ་ཁོ་རང་མཆོངས་ནས་རོ་ཞིག་བྱེད་བསམ་སྟེ། གྱེར་སྤུངས་
ལགས་མི་རོ་བསམ་པ་ཞིག་གདའ་སྟེ་ཞུས་པས། ཁྱོད་དེ་ལ་ཐུགས་གམ་
གསུངས། ཐུག་ལགས་སོ་ཞུས་པས། འོ་ན་དོ་འདི་ལ་བསྐོར་ལ་ཅི་
འདུག་ལྟོས་གསུངས། ཁོས་ཕྱིན་པས་རྐྱང་གཅིག་གི་རོ་ཞིག་གདའ་
ཞུས་པས། དེ་འུ་བུ་གཙང་རིགས་བརྟེན་པས་ཟ་མི་ཉན་གསུངས། དེ་ནས་
ཞག་འགའ་ནས་ཕྱིན་པས། བུད་མེད་ལྦ་བ་ལོག་པའི་རོ་ཞིག་གདའ་ཞུ་བ་
ཕུལ་བས། བཤུལ་ཆགས་ཀྱི་ཤ་ཟ་མི་ཉན། ཆ་ཆོ་ཚོ་བསྡེབས་གསུངས། གྱེར་སྤུངས་ཅི་མཛད་པ་ཡིན་བསམ་སྟེ། སྔ་གྲོ་ཞིག་འགྲོ་ས་ནི་མེད་བསམ་
སྟེ་སྐྲག་གོ། གྱེར་སྤུངས་ལ་འཇུས་ལ་མིག་ཚུམ་ཞིག་གསུངས། ཡུན་རིང་
ཞིག་ཕྱིན་ནས། ཁོས་མེ་ལྕགས་ལུས་བསམ་སྟེ། མིག་ཕྱེ་ནས་ཕྱི་ལ་བལྟས་
པས། བུད་མེད་རྒྱན་གོས་ཅན་གཅིག་སྣམ་བུ་དཀར་པོ་གཅིག་འགྲིལ་གྱིན་
འོང་གིན་འདུག། སྔ་སོ་བལྟས་པས། སྔར་གྱི་བུད་མེད་འདྲ་བ་གཅིག་གིས། སྣམ་བུ་དཀར་པོ་གཅིག་བརྐྱང་པའི་སྟེང་ན། ཁོང་དཔོན་སློབ་གཉིས་
འབྱོན་གྱིས་འདུག། ཁོས་མིག་བལྟས་མ་ཐག་སྣམ་བུ་འཐེན་ནས་གར་
སོང་ཆ་མེད། ནས་ཆུ་ཐོན་ཁར་ཆུ་རུ་སུབས་སོ། དེ་ནས་བྱང་རེ་ཁྱིམ་
པ་མང་པོས་མཐའ་བསྐོར་ཏེ་འདུག་ནས། རུ་ཁྲོད་ན་ངེད་གྱེར་སྤུངས་
ཡིན་བྱས་པས། ཤ་ཡང་ཟད། སྤུ་ཡང་སྐྱེས། ངོ་མི་ཤེས་པར་སོང་
པས། ཁོང་པ་ན་རེ་གྱེར་སྤུངས་གྲོངས་ནས་ལོ་མང་། ཁྱེད་མིན་ཟེར་རོ། སྔར་གྱི་ལོ་རྒྱུས་རྣམས་བཤད་པས། ཡིད་ཆེས་ནས་དང་ལ་ཐལ་ཆུ་དྲངས། དེ་ནས་ར་དཀར་འབྲི་དཀར་གྱི་འོ་མ་དྲངས། དེ་རྗེས་ཞག་འགའ་ནས། གསོལ་ཟས་ཚད་ལ་ཞུས་པས། སྐུ་ཚད་ལ་སོས་སོ། བརྟེན་པའི་ཚད་ནི་
ལྔ་བརྒྱ་བདུན་ཅུ་རྩ་གསུམ་བཞུགས་སོ། བཞི་པ་ཐུན་མོང་དང་གནས་
སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། བསམ་ལས་འདས་པ་མངའ་ནའང་། སྤུ་བྱ་བ་གསེར་སྲང་གང་ལ་ལོ་གསུམ་སྔགས་ན། བོད་ཁམས་ཕུང་། ཁྱུང་
བྱ་བ་སྲང་ཕྱེད་ལ་ཟླ་བ་གསུམ་སྔགས་ན། རྒྱལ་པོ་འཁོར་བཅས་ཕུང་། ཁྱུང་ཟ་མཚོ་རྒྱལ་གྱིས་ཞུ་ནན་ཕུལ་ནས། བསྟན་པ་ལ་དགོངས་ནས། རྔུབ་
བྱ་བ་གསེར་ཞོ་གང་ལ་སྔགས་ཏེ་ཞག་བདུན་སྒྲུབ་། སུམ་ཆ་སྲོད་ལ་འཕང་། ཡར་ལུང་གི་མཚོ་སྐམས་ཀླུ་བྲོས། སུམ་ཆ་ནམ་ཕྱེད་ལ་འཕང་། ཡར་ལུང
་སྤུངས་པོ་རིའི་ཤ་བ་གཉིས་བསད། ལྔ་རེང་ཀྱི་རི་ཡོད། སུམ་ཆ་ཐོ་རང་
ལ་འཕང་པས། རྒྱལ་པོ་ཁྲི་སོང་སྡེ་བཙན་བསྙུང་གི་ཟིན། ཞབས་སྤྱི་
ཐོག་བླངས་པས་དབང་དུ་འདུས། བཀའ་བཞིན་བསྒྲུབས་ནས། རྫོགས་
པ་ཆེན་པོ་ཞང་ཞུང་སྙན་རྒྱུད། གེ་ཁོད་མེ་རི་ལས་སོགས་སྐོར་རྣམས་དང་། རྒྱལ་པོའི་སྟོང་ཚད་ལ་ཕུལ་རྟིང་། རྒྱལ་པོ་ལིག་མི་རྐྱའི་སྐུ་ཚབ། བླ་རི་
གངས་ཏི་སེའི་མགུལ་དུ། གསེར་གྱི་མཆོད་རྟེན་ལིག་མི་རྐྱའི་སྐུ་ཚད་
གཅིག་བཞེངས། བོན་རྣམས་སོ་སོར་ལ་བཞུགས་སུ་འཇུག་པ། གུ་རིབ་
ཀྱི་མི་སྡེ་ལ་གཡས་གྲལ་དང་ཁྲལ་མི་བསྐོད་པ། རྒྱལ་པོ་ཁྲི་སོང་གི་ཁས་
བླངས་དམ་དུ་བཅས་པས། ད་ལྟ་ཡང་བོན་ཞང་ཞུང་སྙན་རྒྱུད་གཏེར་
དུ་མ་ནུབ་ཅིང་། བྱིན་རླབས་ཆེ་བ་ཡང་དེ་ཙུག་ལགས་སོ། རྒྱས་པ་ཟུར་
ན་ཡོད། བོན་ཟབ་མོ་འདི་ཡི་བཀའ་གསུང་ཞིག་བཙལ་དགོངས་ནས། ཤངས་ཀྱི་གད་པ་འགྲོད་ཤོལ་དུ། བཙོའི་སྒྲུབ་པ་མཛད་དེ། སྲིད་པའི་ཕོ་
རིགས་ཐམས་ཅད་དབང་དུ་བསྡུས། དེ་དུས་དབང་ཆེན་གྱི་རྒྱལ་པོ་ཉི་པང་
སད་ཀྱི་སྲོག་སྙིང་ཕུལ་ཏེ། གྱེར་སྤུངས་རྣམས་ཀྱིས་མ་བསྒྲུབས་པར་ལས
་བྱེད་ཅིང་བསྟན་པ་སྲུང་བར་ཁས་བླངས། སྲིད་པའི་མོ་རིགས་ཐམས་ཅད་
དབང་དུ་བསྡུས། སྨན་མོ་ཀུ་མ་ར་ཙའི་སྲོག་སྙིང་ཕུལ། མ་བསྒྲུབས་
པར་ལས་བྱེད་བསྟན་པ་སྲུང་ངོ་། སྐུ་མ་ངེས་པ་ཤེལ་གྱི་རྣ་རུ་འོད་འཕྲོ་བ་
ལས་སོགས་ཅི་ཡང་སྤྲུལ་ལོ། ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་
པ་ནི། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལས་སོགས་མཁས་གྲུབ་མང་པོ་ལ་སྒྲོ་
འདོགས་བཅད།ཐེག་དགུ་ཁོངས་སུ་ཆུད། མཁས་པར་བློ་སྦྱངས། བཙུན་
པོར་ཁྲིམས་བསྲུངས། མེ་རི་ཐིས་ལས་སོགས་བསྒྲུབས་པས། མཐུ་དང་
རྫུ་འཕྲུལ་དང་ལྡན་། དཀའ་བ་མང་པོ་སྤྱད། རྒྱལ་པོ་ལིག་མི་རྐྱའི་མཆོད་
གནས་སུ་བཞུགས། དེ་དུས་མཆོག་གི་དངོས་གྲུབ་མ་ཐོབ་པས། ང་རང་
ཡིན་བསམ་ང་ཆེ་བའི་ང་རྒྱལ་ཡོད་པ་ལ། རྗེ་སྤྲུལ་པའི་སྐུ་ཏ་པི་ར་ཙ་དེ་། ཧྲི་ཙར་སྤྲུལ་ཏེ་བྱོན་ནས། སྐལ་ལྡན་གྱི་མཆོད་ཡོན་གཉིས་པོའི་དྲེགས་པའི་
ང་རྒྱལ་བཅོམ། རིག་པའི་གནས་ལུག་བསྟན་། བཅིང་ཚད་ཀྱི་སྒྲོག་ལས་
བཀྲོལ་ནས། མཉམ་པའི་ཐང་ལ་ཕྱུང་ཏེ། རིག་པ་རང་ས་ཟིན་པར་
བྱས་སོ། དེ་ནས་བཀའ་རྒྱུད་ལུང་རིམ་བཞིན་གཞུང་ན་ཡོད་པ་ལྟར་
གནང་ངོ་། རྟོགས་ཐོབ་དུས་མཉམ་དུ་སྐྱེས་ནས། སྤྲུལ་པའི་སྐུ་དང་
མཚུངས་པར་འགྲོ་དོན་མཛད་དོ། རྣམ་མཁྱེན་གྱི་སངས་རྒྱས་སུ་གྱུར་པ་
ལགས་སོ། གདམས་པ་ཐམས་ཅད་ཀྱི་མཐའ་ནི་སྣང་བཞེར་ལོད་པོ་ལ་
བཞག་གོ། ༼ བསྟན་འདི་བཞེངས་པའི་སྦྱིན་བདག་ཙུའུ་དང་པོ། འདན་ཁུག་འབྲོག་པ་ཚང་།(26) འབྱུང་ལྡན། ༣༠༡ སྤྱི་ལོ། ༢༠༡༦ ལོ་བཞེངས ༽ ༧ དེ་ནས་འཇའ་ལུས་འཕོ་ཆེན་ཉེར་དྲུག་
གི་སྐུ་བརྙན་ལ་གསེར་རྩི་ཇི་ལྟར་གསོལ་བ་ནི། དང་ཐོག་སྐུ་བརྙན་རྣམས་
གཙང་མར་བཀྲུ་དགོས་ཏེ། དེ་རྣམས་རང་དགོན་གྱི་སྒྲུབ་ཐེངས་གསུམ་
པའི་བསྒྲུབ་གྲྭ་བ་རྣམས་པས་རྫས་འགྱུར་དག་རྫས་ཀྱིས་གཙང་མར་བཀྲུས་ནས་འཕྱི་བདར་ལེགས་པར་བྱས་ཤིང་སྐམ་པོ་གཡའ་དང་ཕྲལ་ཏེ་གསེར་རྩི་གསོལ་བའི་སྟ་དགོན་གྱི་རིམ་པ་གྲུབ་པ་དང། དེ་ནས་སྤྱི་ཁྱབ་ལས་འཛིན་པ་
ཡེ་ཤེས་རབ་གསལ་དང་། ཚུལ་ཁྲིམས་ཉི་མ། བསྟན་འཛིན་ཚུལ་ཁྲིམས། ནམ་མཁའ་ཡེ་ཤེས། གུས་པ་རང་ཉིད་བཅས་ཀྱིས་ཉིན་ཞག་བཅུ་ཕྲག་རིང་
ལ་དཀའ་ཚེགས་ལ་མ་འཛེམས་པར་ཚོགས་བསགས་སྒྲིབ་སྦྱངས་སུ་དམིགས་ནས། སྐུ་བརྙན་ལ་གསེར་རྩི་གསོལ་བའི་ལས་འགུལ་ཚ་ཚ་འུར་འུར་ངང་
སྤེལ་ནས། དྭངས་ཤིང་མཛེས་ལ་ཡིད་དུ་འོང་བའི་ཟངས་གསེར་གྱི་སྐུ་
བརྙན་ལ་གསེར་འོད་རབ་ཏུ་འཕྲོ་བའི་གཟི་བརྗིད་དང་ལྡན་པའི་གསེར་གྱི་སྦྱར་བཟོའི་ལས་འགུར་གྱི་བྱ་རིམ་གྲུབ་པའོ། ༧ གཉིས་པ་སྐུ་བརྙན་ལ་
གཟུངས་གཞུག་ཇི་ལྟར་ཕུལ་བའི་ཚུལ། སྐུ་བརྙན་གྱི་རྩ་བའི་སྲོག་ཤིང་ནི་
གནས་མཆོག་ཀོང་པོའི་སྟག་ལའི་སྐུ་ཤུགས་ཡིན་ལ། དབྱིབས་ཟུར་བཞི་
ལོག་བརྒྱད་དུ་གཤགས་ནས་རྩ་བ་སྦོམ་ལ་རྩེ་མོ་ཕྲ་བ་རྟེན་འབྲེལ་གྱི་གནད་
བཞིན་ལེགས་པར་བཟོས་ནས། དེ་ལ་རྒྱ་མཚལ་དམར་པོའི་ཚོན་རྩི་གསོལ་
ཞིང་གནས་ཡིག་རྣམས་གསེར་ས་ལེ་སྦྲམ་གྱིས་བྲིས་ཤིང་། དེ་བཞིན་
ཕྱོགས་བཞིའི་སྲོག་ཤིང་ཆུང་ངུ་རྣམས་ལས་ཤར་ཕྱོགས་ཤུགས་པ་རྣམས་
གནས་མཆོག་བོན་རིའི་སྐུ་ཤུགས་ལས་བཟོས་ཤིང་། དེ་མིན་སྟག་པ་དང་
སྐྱེར་པ་རྣམས་དབེན་གནས་མཎྜལ་རི་ཁྲོད་ནས་བཏུས་ཏེ་དེ་རྣམས་ལ་རིན་
ཆེན་དང་པོས་གནས་ཡིག་བྲིས་ནས། འཛབ་ཆེན་གྱི་གཟུངས་དང་རྫས་
རྣམས་གཟུངས་རྫོང་ལས་གསུང་པ་བཞིན་ཚུལ་མཐུན་དུ་བསྒྲིལ་བཞུགས་
བྱས་ནས། ཁྱད་པར་དུ་གཙུག་གཏོར་གྱི་རྫས་དེ་བཞིན་གཤེགས་པའི་རིང་
སྲིལ་ལ། རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་
བོའི་འཕེལ་གདུང་འཁྲུལ་མེད་གཙང་སྨན་རི་དགོན་ནས་གནང་བ་རེ་དང་། གསང་བདག་གྲུབ་པའི་དབང་པོ་ཀུན་མཁྱེན་ཤར་རྫ་པའི་དབུ་ལྗོན་ཚལ་བུ། སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མའི་དབུ་སྐྲ། སྨན་རིའི་
སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དབུ་ལྗོན་ཚལ་བུ་བཅས། ཐུགས་ཀའི་དང་གོང་ལ་སྟོང་རྒྱུང་མཐུ་ཆེན་གྱི་ན་བཟའ། དྲན་པ་ནམ་
མཁའི་ཚེ་རྫས་རིལ་བུ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ན་བཟའ། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་གདུང་རུས། གྲུབ་དབང་ཉི་མ་རྒྱལ་
མཚན་གྱི་ན་བཟའ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་ན་བཟའ། དམུ་ཙ་ཏྲ་
ཧེའི་ཚེ་རྫས་རིལ་བུ། བྱ་བཏང་འཇའ་ལུས་པའི་སྐུའི་ཟིལ་ཐིག། ཁྱུང་པོ་
ནང་ཆེན་གྲགས་པའི་དབུ་ལོ། བྲམ་ཟེ་སྐྱེ་བདུན་སྐུ་ཤ་ཀླུ་དགའི་གཏེར་མ།
གལ་ཤེལ་ཁྲི་ཆེན་སོགས་ཀྱི་གཏེར་བྱོན་དམ་རྫས་བརྒྱ་རྩ། གཤེན་ཉི་མའི་
གདུང་རུས། མཁན་ཆེན་ཉི་མ་དབང་རྒྱལ་གྱི་ན་བཟའ། མཁན་བོན་
དབྱིངས་རང་གྲོལ་གྱི་དབུ་ལོ་དང་། དམ་པ་ཁོང་གིས་ཉར་ཚག་གནང་བའི་
ཞང་བོད་མཁས་གྲུབ་ཡོངས་ཀྱི་དབུ་ལོ་དང་ན་བཟའ་གཙོས་པའི་བྱིན་རྟེན་དམ་རྫས་བརྒྱ་ཕྲག་ལྷག་ཙམ་བཞུགས། ༧གཟུངས་གཞུག་འབུལ་མཁན་གྱི་
སྤྱི་ཁྱབ་འགན་འཛིན་པ། མཁན་ཡེ་ཤེས་རབ་གསལ་དང་། ཚུལ་ཁྲིམས་
ཉི་མ། བསྟན་འཛིན་ཚུལ་ཁྲིམས། གུས་པ་རང་ཉིད། ནམ་མཁའ་
ཡེ་ཤེས་སོགས་བླ་གྲྭ་བདུན་བརྒྱད་ཙམ་གྱིས་ཉིན་ཞག་བཅུ་ཕྲག་རིང་ལ། ཤ་
ཆང་སྒོག་གཙོང་གི་ཁ་ཟས་སྤང་ནས། ཁྲུས་དང་གཙང་སྦྲ་སོགས་ལེགས་
པར་བྱས་ཏེ་ཤིས་བརྗོད་རྟེན་འབྲེལ་སྙིང་པོ་བརྗོད་བཞིན། གཟུངས་རྫོང་
དགོས་འབྱུང་གཏེར་གྱི་མཛོད་ཆེན་ལྟར་གཟུངས་འཇུག་འབྲིང་པོ་ཚར་རེ་
ཚུལ་མཐུན་གྱིས་བསྒྲིལ་བཞུགས་བྱས། གནོད་སྦྱིན་གྱི་གཏེར་རྫས་ལ། གསེར་དངུལ་ལས་སོགས་རིན་པོ་ཆེ་སྣ་ཚོགས། ནས་འབྲས་ལས་སོགས་
འབྲུ་སྣ་ཚོགས། བཟང་དྲུག་ལས་སོགས་སྨན་སྣ་ཚོགས། དར་ཟབ་ཁ་
དོག་སྣ་ཚོགས། གནས་བྱིན་ཅན་གྱི་ས་ཆུ་གཡང་རྫས། བཙན་ཕྱུག་
འཕན་གསུམ་འཛོམ་པའི་གཡང་རྫས་སྣ་ཚོགས་བཅས་བཀྲ་ཤིས་ཕུན་སུམ་
ཚོགས་པའི་འགྲུབ་སྦྱོར་གྱི་ཉིན་མོར་འཇའ་ལུས་འཕོ་ཆེན་ཉེར་དྲུག་གི་སྐུ་
བརྙན་ལ་གཟུངས་གཞུག་ཕུལ་བའི་བྱ་བ་ལེགས་པར་གྲུབ་པའོ། ༧ འཇའ་
ལུས་འཕོ་ཆེན་ཉེར་དྲུག་གི་སྐུ་བརྙན་རེའི་འགྲོ་གྲོན་ལ་ཀྲུང་སྒོར་ཉིས་ཁྲི་ལྔ་
སྟོང་ལྷག་ཙམ་ཡིན་ལ། ཆེ་ཆུང་གི་ཚད་ནི་པད་གདན་ནས་ཏོག་གི་བར་ལ་
ཁྲུ་གསུམ་མམ་རྨིད་གང་ལྷག་ཙམ་ཡོད་པའོ། སྐུ་བརྙན་བཞེངས་སྐབས་ཞལ
་འདེབས་བྱུང་བ་ནི། མ་འདལ་མཚམས་པས་སྒོར་། ༨༠༠༠ སྐལ་མ་ཚེ་
དབང་ནས་སྒོར་། ༥༠༠༠ རིན་ཆེན་དབང་གྲགས་ནས་སྒོར། ༡༠༠༠ ཤ་ཆུང་བསྟན་འཛིན་ནས་སྒོར། ༡༠༠༠ སྐྱ་ཚང་སོང་ནས་སྒོར། ༡༠༠༠ གོ་སེར་ཁ་ཤེས་རབ་རྣམ་རྒྱལ་ནས་སྒོར། ༡༠༠༠ མགར་
བུ་རིན་ཆེན་དབང་རྒྱལ་ནས་སྒོར། ༡༠༠༠ གཟི་ཁྲ་༡ འཇོ་ཡུ་ཚང་
ཚེ་རིང་སྒྲོན་དཀར་ནས་སྒོར། ༥༠༠ ཝ་རྫོང་ཚེ་རིང་གཡུ་སྒྲོན་ནས་སྒོར། ༥༠༠ གྲྭ་སྐལ་མ་རྒྱལ་མཚན་ནས་སྒོར།༥༠༠ ནོར་རྡོ་ཚང་ནས་སྒོར། ༣༠༠ བཅས་བྱུང་བའི། ཁྱེད་རྣམས་པ་ཚེ་བསོད་དཔལ་འབྱོར་རྒྱས་ཞིང་
བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྱིས་མཚམས་སྦྱར་བའོ།། །། སླར་སྨྲས་པ།
དོན་གཉིས་མཐར་ཕྱིན་བདེར་གཤེགས་ཐོད་དཀར་སྲས།
སྒྲིབ་གཉིས་སྦྱོང་བྱེད་ལུང་རྟོགས་གཡུང་དྲུང་བོན།
ཚོགས་གཉིས་བསགས་མཛད་དགེ་འདུན་སེམས་དཔའི་སྡེ།
སྐྱབས་མཆོག་དམ་པ་ལུས་ཅན་ཡོངས་ཀྱི་མགོན།
རང་གཞན་འདི་ཕྱི་དོན་གཉིས་ལྷུན་འགྲུབ་ཆེད།
གཞན་ཕན་ལྷག་སེམས་ངེས་འབྱུང་བཟང་པོས་བསྐུལ།
འཇིག་རྟེན་སྙན་གྲགས་ཀུན་སློང་མ་ཡིན་ཏེ།
གནས་བཞི་དཀོན་མཆོག་བློ་ཡི་དཔང་དུ་འཛུགས། །
རྟེན་མཆོག་བཞེངས་ལ་ཡིད་རང་དགེ་བའི་མཐུས།
ཡངས་པའི་ཞིང་ཁམས་ནད་མུག་འཁྲུགས་བརྩོད་ཞི།
བསྟན་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱ་བརྟན།
མཐར་ཐུགས་ཚོམ་གཅིག་འཕོ་ཆེན་སྐུ་བརྙེས་ཤོག །
ལྷག་བསམ་ངེས་འབྱུང་ཟབ་མོའི་ཞིང་ས་འདིར།
མཐའ་བྲལ་ལྟ་བའི་མྱུ་གུ་ལེགས་སྐྱེས་ནས།
དོན་གཉིས་ལྷུན་གྲུབ་འབྲས་བུ་གཡུར་དུ་སྨིན།
མཁའ་ཁྱབ་འགྲོ་བའི་གསོས་སུ་ཤར་བ་སྨོན། །
དགོངས་རྒྱུད་ཉམས་ཀྱི་མན་ངག་ཁྱད་པར་ཅན།
སྐལ་ལྡན་རྒྱུད་ལ་འཕོ་བའི་བྱིན་རླབས་སྩོལ།
འདི་བྲིས་མ་རྟོགས་ལོག་འཁྲུལ་ཉེས་པའི་སྐྱོན།
གང་མཆིས་ཡུལ་མཆོག་བཞི་ལ་མཐོལ་ལོ་བཤགས། །
འདི་འབད་རྣམ་དཀར་དགེ་བ་གང་མཆིས་དེས།
གཡུང་དྲུང་བོན་བསྟན་ཡོངས་སུ་རྒྱས་ཕྱིར་དང་།
མཐའ་ཡས་མ་རྣམས་ས་ལམ་རིམ་བགྲོད་ནས།
མྱུར་དུ་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོ་།། །།
ཅེས་ཁྱུང་ནག་དགོན་གྱི་ནང་རྟེན་སྐོར་གྱི་དཀར་ཆགས་འདི་ནི་འབྱུང་ལྡན། ༣༠༡ དང་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཏེ། སྤྱི་ལོ། ༢༠༡༦ ལོར་ཁྱུང་ནག་བཙུན་པ་སྔོ་ས་བཟོད་པ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེའོ། བཀྲ་ཤིས་ཤོག ཐ་ཚན་མུ་ཙུག་སྨར་རོ།། །།