ལས་འགུལ་ཁྲོད་ཀྱི་རང་གཟུགས།
རེབ་གོང་གི་ད་ལོའི་ལོ་གསར་ནི་དུས་རྒྱུན་གྱི་ལོ་གསར་དང་མི་འདྲ་སྟེ། ད་ལོར་རེབ་གོང་ནས་མི་རིགས་ཀྱི་གོམས་སྲོལ་ལེགས་བཅོས་བྱེད་པའི་ལས་འགུལ་ཞིག་ལངས་པས། ཀུན་གྱིས་ད་ལོ་ནི་ལོ་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
དོན་ངོ་མར་ལས་འགུལ་དེ་ནི་གཟིག་ལྤགས་དང་སྲམ་ལྤགས་མེར་བསྲེགས་པའམ་གཡུ་བྱུར་དང་གསེར་དངུལ་སྨན་རྫས་སུ་འབུལ་བ་དེ་རེད།
སྲོལ་རྒྱུན་གྱི་བསམ་བློ་ཤས་ཆེ་ཞིང་རྒྱུ་ཅན་རྫིག་རྔམ་ལ་སྤྲོ་བ་དག་ལ་མཚོན་ན་འདི་ནི་ཧ་ཅང་གླེན་རྟགས་ཚ་བོ་ཞིག་དང་འདང་རྒྱག་མེད་པའི་བྱ་བ་ཞིག་ཡིན་སྲིད་ལ། མི་རིགས་ཀྱི་གྱོན་ཆས་སྒྱུ་རྩལ་དང་ལག་ཤེས་བཟོ་ལས་ལ་དུངས་ཞེན་ཞིབ་འཇུག་བྱེད་པའི་ཆེད་ལས་པ་ཞིག་ལ་མཚོན་ན་འདི་ནི་གཏོར་བརླག་ཡ་ང་བ་ཞིག་དང་གྱོང་གུད་གསབ་ཏུ་མེད་པ་ཞིག་ཀྱང་ཡིན་ངེས།
འོན་ཀྱང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་དཔལ་འབྱོར་འཁོར་རྒྱུག་བརྩོན་ལེན། འཚེ་མེད་ཞི་བདེ་བསམ་མཁན་དག་ལ་མཚོན་ན་འདི་ནི་དགའ་འོས་ལ་དོན་སྙིང་གིས་ཕྱུག་པའི་ལས་འགུལ་གླེང་རིན་ཅན་ཞིག་ཡིན་སྲིད་ཅིང་། ང་རང་ལ་མཚོན་ན་དོན་འདི་ཕྱི་ནང་གི་རྒྱུ་རྐྱེན་ངེས་ཅན་ལ་བལྟོས་པ་ཡོད་མེད་གང་ཡིན་ཡང་འདི་ཉིད་རྟོགས་སད་ཅིག་དང་འཕེལ་རྒྱས་དངོས་ལ་ཕྱོགས་པའི་སྟ་གོན་ཙམ་ཏུ་ངོས་འཛིན་བྱེད་འདོད།
རྒྱ་ལོ་བཅུ་གཅིག་ནས་བཟུང་སྟེ་རེབ་གོང་གི་སའི་ལྟེ་བ་རོང་བོ་གྲོང་རྡལ་དུ་རང་དབང་རང་འཐད་སྒོས་ཆུ་སྲམ་དང་གཟིག་ལྤགས་མང་བོ་རབ་དང་རིམ་པར་མེ་རུ་བསྲེགས་ཤིང་། མདོ་བ་དང་སྨད་པ་གླིང་རྒྱ་སོགས་ནས་ཀྱང་སྲམ་དང་གཟིག་ལྤགས་མང་བོ་ཞིག་ཕངས་མེད་འགྱོད་མེད་དུ་མེ་ལྷའི་ཞལ་དུ་བསྟིམས་ཤིང་དེ་དག་གི་རིན་གོང་ལ་སྒོར་མོ་ཁྲི་ཕྲག་མང་བོ་གནས་པ་རེད། ཡིན་ནའང་འདི་ལ་སྲིད་གཞུང་གིས་ལྟ་རྟོག་བཀག་ཉར་བྱེད་ཀྱིན་འདུག་མོད། དོན་དངོས་སུ་འདི་ནི་གོམས་སྲོལ་བཅོས་བསྒྱུར་གྱི་ལས་འགུལ་ཞིག་ལས་མ་འདས་སོ།།
འོ་ན་ལས་འགུལ་འདིའི་ཆེད་དམིགས་དོན་སྙིང་ཅི་ཡིན་ཞེ་ན། དེ་ནི་གཙོ་བོ་སེམས་ཅན་བསད་པའི་པགས་པ་མཛེས་རྒྱན་དུ་རློམ་ཞིང་རྒྱན་ཆའི་ཕྱིར་དུ་དཀའ་སྡུག་གི་དཔལ་འབྱོར་ཡོང་སྒོ་ཕངས་མེད་དུ་གཏོང་བའི་ངན་གོམས་ལ་བསྒྱུར་བཅོས་དང་། རི་སྐྱེས་སྲོག་ཆགས་ལ་འཆར་ཅན་གྱིས་སྲུང་སྐྱོབ་བྱེད་པའི་འཛམ་གླིང་གི་མི་ཆོས་ཀུན་སྤྱོད་དང་ལེན། གོ་ལའི་ཁྱོན་ལ་འཚེ་མེད་ཞི་བདེའི་ཁ་དབུགས་གསོ་སྐྱོང་། མི་དམངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གཙོ་ལམ་ལེགས་བཅོས་དང་ཚོང་ལས་འདུ་ཤེས་གསར་འཛུགས་བཅས་བྱེད་རྒྱུ་དེ་རེད།
དགའ་འོས་པ་ཞིག་ལ་རོང་བོ་སྨོན་ལམ་གྱི་མི་ཚོགས་གྲོག་ཚང་བརྡོལ་བའི་ཁྲོད་ན་སྔོན་ཆད་ལྟར་བྱུ་རུ་འདོགས་མཁན་དང་བོད་ལྭ་སྲམ་ཁ་མའམ་གཟིག་གོང་མ་གྱོན་མཁན་ཧ་ཅང་མཐོང་དཀོན་པ་དེ་རེད། དེ་ལས་ཀུན་གྱིས་ལས་འགུལ་འདིའི་དོན་སྙིང་ཁས་ལེན་པ་མཚོན་ལ། དེ་ལས་གཞན་པའི་དཔལ་འབྱོར་འདུ་ཤེས་ཤིག་གསར་དུ་འབུས་བ་ཡང་ངང་གིས་མཚོན་ཡོད་པ་རེད །
ཡིན་ནའང་ཆེས་ཡིད་སྐྱོ་བ་ཞིག་ནི་ལས་འགན་འདིའི་བརྡ་འཕྲིན་མ་ཁྱབ་པའི་ས་ཁུག་ལུང་ཀྱོག་ནས་འོང་བའི་བོད་ལྭ་སྲམ་ཁ་མ་གྱོན་མཁན་རེ་གཉིས་ལ་གྲྭ་བ་ཁ་ཤས་གྱིས་སྡང་སྡིགས་སྣ་ཚོགས་སྟོན་པ་དང་། མཚན་མོར་བདའ་འདེད་གྱིས་གཅར་རྡུང་བྱེད་ལ་ཕྱིར་ཚིག་གཅིག་བཤད་ན་དགོན་པ་གཞུང་དང་སྐྱབས་མགོན་རིན་པོ་ཆེ་ཚང་ལ་ངོ་ཡ་བྱས་པ་ཡིན་ཞེས་པ་ལ་སོགས་པའི་མི་གཤིས་དང་གནས་ལུགས་བྲལ་བའི་ལྐོག་ཇུས་ལག་ལེན་དུ་བསྟར་བ་རེད། ངང་ཚུལ་འདི་ལ་ངས་རྟོགས་སད་ཁྲོད་ཀྱི་ཀླ་ཀློའི་སྤྱོད་པའམ་ལས་འགུལ་ཁྲོད་ཀྱི་གླེན་པའི་རང་གཟུགས་ཞེས་བརྗོད་འདོད།
དོན་དངོས་སུ་ལྭ་བའི་གོང་འདབས་ལ་གཟིག་ལྤགས་དང་སྲམ་ལྤགས་རྒྱག་པ་ནི་ན་ནིང་དོ་ཚིགས་གློ་བུར་དུ་བྱུང་བ་ཞིག་མིན་པར་དེ་ནི་མི་རིགས་ཤིག་གི་ལོ་རྒྱུས་གོ་རིམ་དང་འབྲེལ་བའི་མཛེས་དཔྱོད་ཀྱི་མངོན་ཚུལ་ཞིག་ཡིན་ལ། དེ་དག་གྱོན་ཞིང་སྤྱོད་པ་ཡང་མི་རབས་གཅིག་གམ་མི་ཁ་ཤས་ཀྱི་ནོར་འཁྲུལ་ཙམ་མིན་པར་དེ་ལའང་ཁོ་རང་གི་ལོ་རྒྱུས་རྒྱུ་རྐྱེན་དང་གནས་དུས་ཀྱི་གཙོ་ཤུགས་ཡོད་པ་རེད། དེ་བཞིན་དུ་རྒྱན་ཆས་ཀྱི་རིགས་མེད་པར་གཏོང་བའམ་ཡང་ན་ཉུང་འཕྲི་ཚད་ལྡན་དུ་བྱེད་པའི་བློ་བཀོད་འདི་ཡང་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་དེ་ཡང་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་རིགས་མཉམ་གནས་འབྲེལ་བས་དེད་ཡོང་བའི་རྟོགས་སད་ཅིག་རེད། དེས་ན་གོམས་སྲོལ་ལམ་མཛེས་དཔྱོད་འཛིན་སྟངས་འདི་ཆགས་ཤིང་གོམས་པར་མི་རབས་མང་བོ་ཞིག་བརྒྱུད་ཡོད་པ་བཞིན་དུ་འདི་ཉིད་བཅོས་སྒྱུར་མེད་བརླག་བཟོ་བར་ཡང་དུས་ཚོད་ངེས་ཅན་ཞིག་མཁོ་བ་རེད།
འོ་ན་གྲྭ་བ་ཁ་ཅིག་གིས་ལ་རྒྱ་ཆེ་མདོག་གིས་མི་སྐྱ་ཚོས་རང་གིས་དགའ་བས་བཟོས་ཤིང་རང་གི་རྔུལ་ཆུས་ཉོས་པའི་གྱོན་ཆས་བེད་སྤྱོད་ཀྱི་ཁེ་དབང་ལ་གང་འདོད་དུ་ཐེ་གཏོགས་དང་བཀག་འགོག་བཙན་གནོན་བྱེད་པ་ནི་རྒྱལ་ཁྲིམས་གང་ཞིག་གིས་གནང་བ་དང་། ཆོས་ཁྲིམས་གང་ཞིག་གི་དམིགས་བསལ་ཆོག་མཆན་ཡིན་ནམ།
དེ་མིན ༢༠༠༣ ལོར་ཡང་རེབ་གོང་ནས་ཧའེ་རིགས་ཀྱི་ཟ་མ་མི་ཟ་བའི་ལས་འགུལ་ཞིག་བསླངས་ཤིང་རིམ་པར་བོད་ཁུལ་གྱི་ས་ཆ་མང་བོར་ཤན་ཤུགས་ཐེབས་མྱོང་བ་རེད། ཡིན་ནའང་དེ་ལ་རྔ་མ་མེད་སོང་། སྐབས་དེར་ཡང་གྲྭ་བ་མང་བོས་གཙོ་ཤུགས་བཟུང་སྟེ་དྲིལ་བསྒྲགས་སྣ་ཚོགས་ཀྱིས་མི་ལ་རྣམ་རྟོག་སློང་བ་དང་བཀག་འགོག་ལྟ་རྟོག་བྱས་ཏེ། ཟ་མ་ཞིམ་པོ་ཟ་འདོད་ཆེ་བའི་མི་རྣམས་ཀྱིས་གྲྭ་བ་དག་ལ་གཟབ་དགོས་པའི་ཚད་དུ་གྱུར་བ་རེད། དོན་དངོས་སུ་མི་རིགས་མཉམ་འབྲེལ་ས་ཁུལ་གྱི་མི་མང་བོས་རྒྱུན་པར་ཧའེ་རིགས་གྱི་ཟ་མ་སྤྱོད་ཅིང་། དེ་ཉིད་ཞིམ་པོ་དང་གཙང་མར་འཛིན་པ་རེད། དེ་ནི་གཙོ་བོ་ཟ་མ་གཡོས་སྦྱོར་གྱི་ལག་རྩལ་དང་སྤུས་ཀར་འབྲེལ་བ་ལས་མི་རིགས་དང་ཆོས་ལུགས་ཀྱི་འབྲེལ་བ་ཞིག་གཏན་ནས་མ་རེད། ངོ་མ་བཤད་ན་ཡང་ཟས་ཞིམ་པོ་དང་གོས་ཡག་པོ་སྤྱོད་མི་འདོད་པའི་མི་གང་ན་ཡོད། སྐབས་དེར་གྲྭ་བ་མང་བོས་སྦྱར་ཡིག་དང་བསྒྲགས་གཏམ་སྣ་ཚོགས་ཀྱིས་ཧའེ་རིགས་ཀྱི་ཟ་མ་མི་གཙང་ཚུལ་དང་དེ་ཟས་ན་བོད་མི་མིན་ཚུལ་སོགས་ལབ་ཅིང་། ངེས་པར་དུ་བོད་ཀྱི་ཟ་མ་ཟ་དགོས་པར་སྐུལ་ལ་དེའི་དམིགས་ཡུལ་གཙོ་བོ་ནི་རང་གི་དཔལ་འབྱོར་ལག་ཡོང་རང་ལ་འཁོར་བ་དང་། མི་རིགས་འཕེལ་རྒྱས་ལ་དཔལ་འབྱོར་འཁོར་ལམ་ཞིག་བསྐྲུན་འདོད་པ་དེ་རེད། ཡིན་ནའང་དེ་དག་གིས་མི་རིགས་ཀྱི་གཞི་རྩའི་འགྲན་རྩོད་སྤུས་ཚད་དང་ཚོང་ལས་ཁེ་གཉེར་གྱི་མ་རྩ། ཞབས་ཞུའི་རྣམས་གྲངས་ཀྱི་སྒྲིག་བཀོད། ཚོང་ལས་ཉམས་མྱོང་དང་ཚོང་རའི་གཏན་འཇགས་གནས་བབ་སོགས་དངོས་ཡོད་གནད་དོན་དག་ལ་དབྱེ་ཞིབ་དང་། དེ་ལ་དགོས་ངེས་ཀྱི་གྲ་སྒྲིག་གང་ཡང་བཏང་མེད་པས་ཅང་མ་འགོར་བར་ཕམ་སོང་བ་རེད།
ཅུང་འཐུས་ཚང་གི་སྒོ་ནས་བཤད་ན་འདི་ནི་ཚོང་རའི་འགྲན་རྩོད་ཁྲོད་ཀྱི་ཕམ་ཁ་ངོས་ཟིན་པའི་མངོན་རྟགས་ཤིག་ལས། ཚོང་རའི་འགྲན་རྩོད་ལ་ཁག་ཐེག་བྱེད་པའི་སྣང་ཚུལ་མིན་ལ། དེ་ལ་འཐུས་ཚང་གི་སྒྲིག་གཞི་བཟོ་བའི་བྱ་འགུལ་ཞིག་ཀྱང་མིན། ཕྱོགས་གཞན་ཞིག་ནས་བཤད་ན་བྱ་འགུལ་དེ་ལ་ཚོང་ལས་འགྲན་རྩོད་ཀྱི་ཆོད་སེམས་ལས་ཆོས་ལུགས་ཕྱོགས་ཞེན་དང་མི་རིགས་རིང་ལུགས་ཀྱི་ཆགས་སྡང་ཤས་ཆེ་བས། འདི་ལ་མཐར་གཏུག་ན་རྒྱལ་ཁ་མེད་ལ་ཕན་ཁེ་ཡང་ཆེན་པོ་མེད། དོན་ངོ་མར་ཡང་ཆོས་ལུགས་ཆོས་ལུགས་དང་ཚོང་ལས་ཚོང་ལས་རེད། ཆོས་ལུགས་ཀྱིས་ཚོང་ལས་དཔལ་འབྱོར་གྱི་ཚབ་མི་ཡོང་ལ། ཚོང་ལས་ཀྱིས་ཆོས་ལུགས་བྱ་བའི་ཚབ་ཀྱང་མི་ཉན། ང་ཚོས་རང་གི་རིག་གནས་མ་ལག་ཐམས་ཅད་ཆོས་ལུགས་ཀྱིས་ཁྱབ་པ་བཞིན་འཚོ་བའི་དོན་དག་ཡོད་ཚད་ལ་ཆོས་ལུགས་ཀྱིས་ཐེ་གཏོགས་བྱེད་འདོད་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་ལ། སྲོལ་རྒྱུན་འདུ་ཤེས་ཀྱིས་བསྐྱེད་པའི་ཆོས་སྲིད་གཉིས་ཤོར་གྱི་ལོག་ལམ་ཆེན་པོ་ཞིག་ཀྱང་རེད། འཛམ་གླིང་ཁྱིམ་གཅིག་ཅན་དང་མི་རིགས་འདྲ་མཉམ་ཅན། སྤྱི་ཚོགས་ཞི་བདེའི་ཅན་གྱི་ལམ་དུ་ཕྱོགས་པའི་སྐབས་འདིར་ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོག་ཏུ་བཅུག་ནས་དངོས་ཡོད་འཚོ་བར་དཀྲུག་ཤིང་གཏོང་བ་ནི་ཤིན་ཏུ་མི་འོས་ལ། མ་གྱུར་སེམས་ཅན་བསམ་ཞིང་སྒོམ་པའི་ཆོས་ལུགས་པ་དག་ལ་མཚོན་ན་དེ་ལས་ཀྱང་སྨོས་མེད་རེད།
ང་ཚོས་གོང་གི་བྱ་སྤྱོད་འདི་དག་གི་སྟེང་ནས་སྐད་ཆ་ཅུང་ཇེ་ཆེར་བཏང་ནས་བཤད་ན་ཟས་བཅུད་ཟ་མ་ཅི་ཞིག་ལོངས་སུ་སྤྱོད་མིན་ནི་མི་སོ་སོའི་གཞི་རྩའི་ཁེ་དབང་ཞིག་ཡིན་ལ། རྒྱན་ཆ་དང་ལྭ་བའི་མཛེས་ཆར་ལེགས་བཅོས་བྱེད་པ་ནི་མི་སྐྱའམ་འཇིག་རྟེན་པའི་དོན་དག་ཅིག་སྟེ་དེ་ཉོ་ན་མ་དངུལ་བཙལ་མཁན། བཙོང་ན་བར་ཁེ་ཟ་མཁན། རྩ་ནས་མེད་བརླག་བཟོ་མཁན་ཚང་མ་འཇིག་རྟེན་པ་ཁོ་རང་ཉིད་ཡིན་འོས་པས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་འཁོར་བའི་འདམ་དོང་ལས་ཕྱིར་བུད་པའི་སྟོན་པའི་རྗེས་འཇུག་པ་དག་གིས་ཞེ་སྡང་གི་ལག་ངར་སྒྲེང་སྟེ་མི་སྐྱ་དག་གི་སྟེང་ལ་ངར་ངར་བྱེད་དོན་མེད་ཀ
འདི་ཚང་མ་ཆོས་དོན་ཇི་བཞིན་དུ་གོ་ཞིང་ཉམས་སུ་ལེན་མཁན་དག་གིས་སྒྲུབ་པ་མ་ཡིན་པ་ནི་སྨོས་མ་དགོས་མོད། འོན་ཀྱང་བཅོལ་བའི་སྐྲ་མི་བཞར་བར་མ་བཅོལ་བའི་ཁ་སྤུ་ཟེར་བའི་དཔེ་བཞིན་རང་མདུན་གྱི་བྱ་བ་སྐྱུར་ཏེ་གཞན་གྱི་ཅི་བྱེད་ལ་རྒྱུན་པར་སྐེ་བསྲིངས་རྒྱུར་དགའ་བའི་གྲྭ་བ་ཆོ་མེད་དེ་དག་གིས་འདང་རང་ཐོག་ནས་རྒྱག་དགོས་ཏེ། མིག་སྔར་གྲྭ་བ་མང་བོ་ཞིག་གིས་རྒྱ་ལྭ་རྐང་སྣམ་གང་བྱུང་དུ་གྱོན་ཏེ་འདུལ་ཁྲིམས་རྩིས་མེད་དང་ཆོས་གོས་རྩེད་སྤྱད་བྱེད་པ་དེ་དག་ཇི་ལྟར་འགྲེལ། ཁྱོད་ཀྱིས་དེ་དག་གང་ལ་བདའ་ནས་ཇི་ལྟར་བཟུང་མྱོང་། སྒོར་མོའི་དོན་དུ་རྒྱ་ནང་ན་ཁྱི་བཞིན་མྱུལ་བ་དེ་ཚོ་ཅི་ཡིན། བཙུན་པ་ལགས། མྱི་ནང་ནས་མ་སད་ན་ཨུ་ཚུགས་བྱེད་པ་ནི་ཀླ་ཀློའི་རང་གཟུགས་སྟོན་པ་ཙམ་སྟེ་དོན་ལ་སྒེར་གཅོད་སྒེར་གཅོད་ཟེར་བ་ཡང་འདི་ལས་གཞན་དུ་མེད་ལ། ཡང་ཅིག་བཤད་ན་ཁྱོད་ཀྱིས་ནམ་རྒྱུན་ཆོས་ཀྱི་གདོང་འབག་གྱོན་ནས་འཁོར་བའི་ལས་དོན་ཡོད་ཚད་ཀྱི་ཀློང་དུ་ལག་པ་ངར་ངར་གྱིས་བསྲིངས་ཤིང་། ཆོས་ལུགས་གྲུབ་མཐའི་སྡང་ཟུག་སྤྱི་ཚོགས་སུ་ཚེར་མ་བཞིན་འདེབས་པ་ནི་ནམ་ནམ་ཞར་ཞར་དུའང་མི་རིགས་ཀྱི་ངོ་ཚ་ཞིག་ལས་ངེས་དོན་གྱི་གཟི་བརྗིད་ཅིག་ཏུ་འགྱུར་བར་ང་རང་རྒྱུན་དུ་དོགས་པ་ཟའོ།།
༢༠༠༦ ལོའི་ཟླ ༡ ཚེས ༡༥ ཉིན་ཕ་ཡུལ་ཁྱུང་བོ་ནས།