ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཟབ་མོ་དབུ་མ་ལྟ་བའི་འབྱུང་ཁུངས་ལ་ཏོག་ཙམ་དཔྱད་པ་གཟུར་གནས་དྲན་དབང་དགྱེས་པའི་འབེལ་གཏ  | 2013/3/27 22:57:00

 

 

 

ཟབ་མོ་དབུ་མ་ལྟ་བའི་འབྱུང་ཁུངས་ལ་རོབ་ཙམ་དཔྱད་པ་གཟུར་གནས་དྲན་དབང་དགྱེས་པའི་འབེལ་གཏམ་གཉུག་སེམས་རང་མདངས།།

 

                                ཁོད་སྤུངས་རང་གྲོལ་ཉི་མ།།

 

རྩོད་ལྡན་བརྒྱ་བའི་རྙིང་མའི་འགྲོ་འདྲེན་ལྷ་མིའི་མཆོད་སྡོང་སྐྱབས་གཅིག་པུ།།

སྲིད་ཞི་ལེགས་ཚོགས་དཔལ་ཡོན་སྩོལ་མཛད་ཐུགས་ཉིད་མི་འགྱུར་རྟག་ཞི་བ།།

སྤོངས་རྟོགས་མཐར་སོན་ལྟ་བ་བླ་མེད་དགོངས་པ་ཡེ་ཤེས་ཀློང་དུ་རྫོགས།།

སྟོན་མཆོག་གཤེན་རབ་མྱི་བོ་སྤྱི་བོར་བདེ་ཆེན་འཁོར་ལོར་རྒྱལ་གྱུར་ཅིག།

     

      གང་ཞིག་མངོན་སུམ་ཡུལ་དུ་ལྷགས་གྱུར་ན།།

      གང་དེར་ཚད་གསུམ་རིགས་པའི་དཔྱད་འོས་ལ།།

      གང་ལ་བདེན་པའི་ལུགས་ཀྱིས་ཕྱུག་གྱུར་པར།།

      གང་གིས་བརྗོད་ཅིང་དཔྱོད་ལྡན་སུས་མི་འཐད།།

 

དེ་ཡང་གནའ་བོའི་འཛམ་གླིང་ཤེས་རིག་གི་ཡང་རྩེར་སོན་པའི་ཧི་མ་ལ་ཡ་བོད་ཤེས་རིག་གི་འགོ་ཁུངས་དངོས་ནི་ཞང་ཞུང་གི་ཤེས་རིག་ལ་གཏུགས་ཡོད་ཅིང་།    དེ་ལྟར་ཞང་ཞུང་གི་ཤེས་རིག་ལ་ཆེས་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་ནི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་བློ་འདུ་ཤེས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་འདི་འདྲ་བོའི་རིག་གཞུང་མང་པོ་ཞིག་གསུངས་ཡོད་པ་ནི་སྤྱིར་མཤེས་བྱ་ཐམས་ཅད་གསལ་ལེར་མཁྱེན་པ་དང་སྒོས་སུ་སྐབས་དེའི་ཞང་ཞུང་གི་སྤྱི་ཚོགས་དེའང་ཤེས་རིག་དང་ལྡན་པའི་སྤྱི་ཚོགས་ཤིག་ལ་འཕེལ་ཡོད་པའི་དྲོད་ཁོལ་མ་ཡལ་བའི་ཤེས་རིག་གི་རྨང་གཞི་གསོན་པོ་ཞིག་ཡོད་པ་དེར་རག་ལས་ཡོད་པ་རེད།    སྐབས་དེར་ཤེས་རིག་དེ་དག་ང་ཚོའི་ཞང་བོད་གནས་པའི་ཡུལ་གྲུ་སྟེ་ཤར་ཕྱོགས་ཡ་གླིང་ཆེན་པོ་སྤྱི་དང་ཁྱད་པར་དུ་ཨེ་ཤ་ཡ་སོགས་སྒོས་སུ་ཁྱིམ་མཚེས་རྒྱལ་ཁབ་སོ་སོར་ཕན་ཚུན་ཤེས་རིག་འབྲེལ་འདྲིས་ཀྱི་འབྲེལ་བ་དམ་ཟབ་ཅིག་བྱུང་སྟེ་འཕེལ་རྒྱས་ཕྱིན་ཡོད་པར་ནི་བྱ་དངོས་ཀུན་གྱི་གཤིས་ལུགས་སུ་གྲུབ་ཅིང་ང་ཚོ་འགྲོ་བ་མྱིའི་རྗེས་་དཔག་ཚད་མས་ངེས་ཤེས་རྙེད་ཐུབ་ཀི་ཡོད་རེད།            དེས་ན་སྐབས་དོན་གླེང་བར་བྱ་བའི་བརྗོད་གཞི་དངོས་ནི་རྒྱུའི་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མ་པའི་ལྟ་བ་ཟབ་མོའི་ལུགས་འདི་ཚུལ་ཇི་ལྟར་དར་ཡོད་པ་དང་།   གྲུབ་མཐའ་དེའི་ལུགས་ཀྱིས་ལྟ་བའི་འདོད་སྟངས་སྐོར་ཅུང་ཟད་ཅིག་བཤད་མོས་པ་དེ་རེད།     དེ་ལ་གྲུབ་མཐའ་འདི་ཉིད་ཀྱིས་ཐོག་མའི་སྲོལ་འབྱེད་པ་པོ་ནི་ཐུ་བྷོད་རིགས་ཕལ་མོ་ཆེས་ཤིག་གིས་ལྷོ་རྒྱ་གར་ཡུལ་གྱི་ཀླུ་སྒྲུབ་སྙིང་པོ་རུ་འབོད་པ་དེ་ཡིན་པར་རློམ་ཞིང་།       ལྟ་བ་རྨད་དུ་བྱུང་བ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སྤྱོད་པ་རྨད་དུ་བྱུང་བ་རྒྱལ་སྲས་ཞི་བ་ལྷ་ཞེས་བཤད་སྲོལ་ཆགས་ཡོད་པ་རེད།    དེ་བ་ཁོང་ནི་བཅོམ་ལྡན་ཤྰཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་རྗེས་སུ་མྱི་ལོ་བཞི་བརྒྱའི་མཚམས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་བེ་དརྦྷའི་ཡུལ་དུ་བྲམ་ཟེ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་པར་བཤད་ལ་རྒྱ་གར་གྱི་མཁས་པ་དྲུག་གི་ཡ་གྱལ་དུའང་བགྲང་ཡོད།        ལར་ཁོང་གིས་འདིར་འབྲེལ་གྱི་བརྩམས་ཆོས་ལ་དབུ་མ་རྩ་ཤེས་ སོགས་མཐའ་བྲལ་དབུ་མ་རིགས་ཚོགས་དྲུག    དམ་ཆོས་ཀྱི་བསྟན་པ་སྔ་དར་སྐབས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བོད་དུ་གདན་དྲངས་ཏེ་སྐབས་དེར་ཆོས་ཕྱོགས་སུ་འཆད་ཉན་སྤེལ་གསུམ་གྱིས་རྒྱ་བོད་གཉིས་ལ་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་ངེས་རེད་མོད། འོན་ཀྱང་། སྔར་ཡོད་ཀྱི་རྨང་གཞི་སྟེང་དུ་དབུ་མའི་ལུགས་དེར་རྒྱུན་འཛིན་ཁྱབ་ སྤེལ་བྱེད་པའི་དབུ་ཙམ་བཙུགས་ཡོད་པ་ལས་སྤྲོས་བྲལ་དབུ་མ་རིག་པའི་ལྟ་བའམ་ཤིང་རྟ་ཆེན་མོ་ཟབ་མོ་དབུ་མ་རིགས་པའི་གྲུབ་མཐའ་འདིའི་སྲོལ་གསར་དུ་བཏོན་པ་ཞིག་རྩ་བ་རང་ནས་མ་རེད་དེ།རྒྱུ་མཚན་ནི།འདི་ནས་ཡར་རྩིས་པའི་མྱི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ཡར་སྔོན་ཞིག་ཏུ་བོད་རང་ས་རང་ཡུལ་ནས་མཚན་དཔེ་བཟང་པོའི་སྐུ་མངོན་པར་འཁྲུངས་ཤིང་སྐྱེས་སྦྱངས་ཤེས་རབ་ཀྱི་རྩལ་སྟོབས་རབ་ཏུ་རྫོགས་བའི་ཞང་ཞུང་རིག་པའི་རྒྱལ་པོའམ་འཚེ་མེད་ཞི་བདེ་དེད་དཔོན་ཆེན་མོ་གངས་ལྗོངས་གཤེན་རབ་མྱི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་སྐུ་འཁྲུངས་ནས་ཁོང་གིས་སྣོད་བཅུད་གཉིས་ཀྱི་ལེགས་ཉེས་ཀྱི་འཕེལ་འགྲིབ་དང་འདི་ཕྱིའི་བདེ་སྡུག་སོགས་ལ་གཞིགས་ཏེ་ཐོག་མར་རྒྱུའི་བོན་བཞི་གསུངཔ་དང་ཐ་མ་འབྲས་བུ་ཐེག་པའི་བོན་ལྔ་གསུངས་ཡོད་རེད།

སྤྱིར་སངས་རྒྱས་ཞེས་པ་ནི་སེམས་ཅན་གྱི་དོན་ལ་བརྩེ་ཆེན་དམིགས་མེད་ཀྱིས་འཕྲིན་ལས་བྱེད་པོ་ཡིན་པས་ན་འཇིག་རྟེན་གྱི་ཆོས་ཉིད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེའི་གོ་རིམ། ད་དུང་བསམ་བློ་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་བསྟུན་དགོས་པ་ཞིག་ཡིན་ཙང་།    མ་གཞི་དམ་པའི་ལྷ་ཆོས་དེའང་མྱི་ཆོས་རང་ལུགས་ལ་ཁ་ཕྱོགས་ཡོད་པ་ཞིག་ ཡིན་པས།     མྱི་རྣམས་ཀྱི་ནུས་པ་དང་བློ་སྟོབས་ལ་ལྟོས་ཏེ་ཐེག་པ་ཆེ་ཆུང་གི་རྣམ་བཞག་ ཀྱང་བསྟན་ཡོད་རེད།      དེ་ལ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་སྔ་རོལ་ཞིག་ནས་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་སྲོལ་གསར་དུ་བཏོད་པའི་གནའ་བོའི་ཞང་བོད་ཤེས་རིག་གི་འགོ་ཁུངས་སྔ་དར་རྒྱལ་བའི་བསྟན་པ་འཕྲུལ་ངག་བདེན་པ་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་དེར་སངས་རྒྱས་གཤེན་རབ་མྱི་བོ་ཆེས་གདུལ་བྱ་སེམས་ཅན་སོ་སོའི་བློ་སྟོབས་ལ་ལྟོས་ཏེ་ཐེག་པ་རིམ་པ་དགུ་རུ་གཏན་ལ་དབབ་སྟེ་ཡུལ་ཆེན་བཅོ་བརྒྱད་དང་ཡུལ་གྱི་སྙིང་པོ་དྲུག་སོགས་ལ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་དགུ་བྱུང་ནས་རིམ་གྱིས་དར་རྒྱས་སུ་ཕྱིན་ཡོད་རེད།   ཐེག་པ་རིམ་དགུ་ལ་ལྷོ་དབུས་བྱང་གསུམ་གྱི་བགྲང་སྟངས་མི་འདྲ་བ་མཆིས་རུང་།    སྐབས་འདི་ནང་ཆོས་གྱི་རྗེས་འཇུག་པའི་བློ་ཚད་རིམ་པ་དགུ་ལ་འཇོག་དགོས་ཡོད་རེད།   དེ་དག་རྒྱུའི་ཐེག་པ་བཞི་དང་འབྲས་བུ་ཐེག་པ་ལྔ་བཅས་བསྡུས་ཡོད་དེ།    ལྷ་མི་གཞན་བརྟེན་པ།  རང་རྟོགས་གཤེན་རབས་པ།  ཐུགས་རྗེ་སེམས་དཔའ་བ།  གཡུང་དྲུང་སེམས་དཔའ་སྤྲས་མེད་པ་རྣམས་རྒྱུའི་ཐེག་པ་བཞི་དང་།   བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ་དང་།  དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ་དང་།   ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ་དང་།  ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་ལྔ་ནི་འབྲས་བུ་ཐེག་པ་བཅས་དགུའི་ནང་དུ་འདུ་བར་བྱས་ཡོད་དོ།   དེ་མཚུངས་ཀྱི་ལྷོ་ཕྱོགས་རྒྱ་གར་ཡུལ་གྱི་བཅོམ་ལྡན་ཤྰཀ་ཐུབ་པའི་ལུགས་ལ་ཡང་།    ལྟ་གྲུབ་འདྲ་མིན་གྱི་གྲུབ་མཐའ་བཞི་སྟེ་བྱེ་བྲག་སྨྲ་བ་དང་།  མདོ་སྡེ་བ།  སེམས་ཙམ་པ།  དབུ་མ་བ་བཞི་བྱུང་ཡོད་རེད།    དེ་དག་གི་རང་སོ་སོའི་ལུགས་ཀྱི་གཞི་འཛིན་པ་ཚོས་ལྟ་སྒོམ་སྤྱོད་གསུམ་མ་མཐུན་པ་ཁག་བཞི་རུ་གྱེས་ཏེ་གྲུབ་མཐའ་དེ་བཞི་རྒྱུན་ཆགས་སུ་བྱུང་ཡོད་པ་ཞིག་རེད།  སངས་རྒྱས་པ་ལ་བཞི་པ་སྟེ།  ལྔ་བ་ཐུབ་པའི་དགོངས་པ་མིནཞེས་བྱུང་བ་བཞིན་རྒྱུའི་ཐེག་པ་བཞི་ལས་ཐོད་བརྒལ་བར་གྱུར་ན་ཐུབ་པའི་དབང་པོ་དགོངས་པ་མིན་པ་དངོས་སུ་བསྟན་ཡོད།  དེ་ཡང་དབུ་མ་བའི་རང་ལུགས་ལ་སྤྱི་དོན་བདུན་གྱི་གྲུབ་ཡོད་དེ།    རྟོགས་པའི་ལྟ་བ།    བསྲུང་བའི་དམ་ཚིག།      བསྒོམ་པའི་རིམ་པ།   བསྒྲུབ་པའི་ཐབས།   སྤྱོད་པའི་འཕྲིན་ལས།   གྲུབ་པའི་འབྲས་བུ།   ཐེག་པ་འོག་མ་ལས་ཁྱད་འདོན་པ་སྟེ་བདུན་ནོ།     དེ་ལ་ཤྰཀ་ཐུབ་པའི་ལུགསའཛིན་དག་གིས་བྱེ་མདོ་དབུ་སེམས་བཞི་རང་སོ་སོའི་ལུགས་དེ་གར་དབུ་མ་ཡིན་པར་འདོད་ལ་གཞན་དག་ནི་རྟག་ཆད་ཅན་དུ་ཤ་སྟག་འདོད་ཀྱིན་ཡོད།  དེ་ནི་ཁོང་ཚོས་རང་རང་ས་ནས་རང་རློམ་ཆེ་ཞིང་ཟབ་མོ་དབུ་མ་ལྟ་བའི་གནད་གསང་མ་རྟོགས་པ་གྲུབ་མཐའ་སོ་སོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་འདོན་མ་ཤེས་པར་ཟད་ལ།     དེས་ན།     ཟབ་མོ་དབུ་མ་ལྟ་བའི་དོན་ལ་བདེན་གཉིས་དོ་མཉམ་པའི་སྒོ་ནས་གཏན་ལ་ཕབ་སྟེ་ཅུང་ཟད་དཔྱད་ན།

ཀུན་རྫོབ་ནི་རིགས་ཤེས་ཡོངས་གཅོད་པའི་ཡུལ་དུ་སྣང་བ་ཇི་ལྟ་བ་ཡུལ་དང་ཡུལ་ཅན་དུ་གྲུབ་པའི་བོན་ཅན་ཀུན་ལ་འདོད་དེ།  ཡོངས་གཅོད་ཀྱི་ཤེས་པ་འཁྲུལ་ཤེས་སུ་ཁས་ལེན་ པའི་ཕྱིར།  རིགས་པས་བརྟགས་ཤིང་དཔྱད་མི་བཟོད་པ་ཡིན་ནའང་།  སྤྱིར་ཀུན་རྫོབ་ཀྱང་དོན་དམ་བདེན་པའི་ཟབ་མོ་སྟོང་བ་ཉིད་ཀྱི་གནས་ལུགས་རྟོགས་པའི་ཐབས་འཕྲུལ་ཁྱད་པར་བ་ཞིག་ཡིན་ཏེ།   མཐའ་གཏུགས་ན་འཁྲུལ་བའི་གཟུང་འཛིན་གྱི་མཚན་མ་མཐའ་དག་བདེན་སྟོང་དུ་རྟོགས་པ་ནི།   ཀུན་རྫོབ་ཀྱི་ངོ་བོའམ་གནས་ལུགས་རྟོགས་པ་ཡིན་པས།   ཀུན་ནི་སྣང་བ་ཇི་སྙེད་པ།  རྫོབ་ནི་མི་བདེན་བསླུ་བ་ཅན་དུ་རྟོགས་དགོས་སོ།     དོན་དམ་ནི་སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཆོད་ཅིང་སྐྱེ་འགག་མེད་པ་སྤྲོས་མཐའ་བརྒྱད་བྲལ་ཏེ་ནམ་མཁའ་ལྟར་གནས་པའི་བདག་ཉིད་ཅན་དུ་འདོད།        དེ་གཉིས་ཀྱི་བར་ཁྱད་ རིགས་ཤེས་ཡོངས་གཅོད་ཡོད་མེད་དང་སྤྲོས་པ་གཅོད་པ་ལ་ཚད་མར་སོང་མིན་གྱིས་འབྱེད་པ་ཡིན་ནོ།       དེ་ཡང་ཀུན་རྫོབ་བདེན་པ་གླེང་བའི་སྐབས་འདིར་རྩོམ་པ་པོ་ཚོས་དངོས་གཙོ་དང་སེམས་གཙོ་སྨྲ་བ་པོ་དག་དྲན་འོང་གིན་ཡོད།      སྤྱིར་བྱེ་མདོ་དང་དབུ་སེམས་སོགས་ཀྱི་ལུགས་ལ་དངོས་སེམས་སྨྲ་བའི་འདོད་ཕྱོགས་དང་ཅུང་མཐུན་པོ་ཡོད་པ་རེ་འགའ་མཆིས་རུང་།      ངོ་བོ་དོན་གྱི་སྒོ་ནས་ཁྱད་པར་གནམ་ས་ཡོད་དེ།    རང་སོ་སོའི་སྲོལ་བཏོད་པ་པོའི་ཁྱད་པར་དང་།   རྒྱུན་འཛིན་པའི་གང་ཟག་གི་ ཁྱད་པར།  དེ་དག་གི་རྒྱུད་ཀྱི་ཀུན་སློང་གི་ཁྱད་པར་དང་།  བསམ་བློ་ཁ་ཕྱོགས་སོགས་ཀྱི་ཕྱོགས་གང་ཅི་ཐད་ནས་ཧེ་བག་ཆེན་པོ་ཡོད་པ་རེད།      ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔ་ཕྱི་ཞིག་ཏུ་ནུབ་ཕྱོགས་པའི་དངོས་སེམས་སྨྲ་བའི་སྲོལ་བྱུང་ཡང་།   དེ་ནི་སྐབས་འདིར་བསྟན་གྱི་གྲུབ་མཐའ་དང་རྩ་བ་ནས་བསྡུར་ཐབས་མེད་པ་ཞིག་མིན་མོད།   འོན་ཏེ།   གཞི་གཅིག་ཏུ་སྡུད་ཅིང་དེར་ཁུངས་བཅོལ་བ་ནི་གཏན་ནས་མི་རིགས་ཏེ།    གོང་དུ་བཤད་པ་བཞིན།      དེ་གཉིས་ཀྱི་བར་སྟོང་ཤེས་དགོས་ཤིང་ནང་པ་བའི་ནི་མཆོག་གསུམ་སྐྱབས་གནས་སུ་འཛིན་ཞིང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་མདོ་བཞིའམ་བདག་མེད་རྣམ་གཉིས་སུ་ཁས་ལེན་པ་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བློ་མིག་མ་ལྡོངས་པ་ཚེ་འདི་ཕྱིར་ཁས་ལེན་པ་ཡིན་ཞིང་།  གཅིག་ཤོས་སུ་ཁོ་ཚོའི་བློ་རིག་གི་སོ་རྩེ་ཇི་ལྟར་རྣོ་རུང་འདི་དག་གི་ཕྱོགས་སུ་བསམ་བློ་གནད་ཁེལ་ཞིག་བཏང་ཐུབ་མེད་ཁར་ཁས་ཀྱང་ལེན་མིན་ལ་ཆ་ཅི་ཡང་མ་འཚལ་བ་ཞིག་རེད།     དེས་ན།     སོ་སོའི་འཇིག་རྟེན་ལྟ་ཚུལ་ལའང་འདྲ་པོ་ཞིག་འོང་གཏན་ནས་མི་སྲིད་པ་ཞིག་རེད་དེ།      གང་ཟག་རེ་རེར་བློ་རིགས་མི་འདྲ་བ་རེ་དང་།      ཁོར་ཡུག་གི་དབང་གིས་བསམ་བློའི་ཁ་ཕྱོགས་མི་འདྲ་རེ་ཡོད་པས་རེད།      མ་གཞི་ཚན་རིག་དང་ཆོས་ལུགས་གཉིས་ཀ་གནའ་ནས་དེང་གི་བར་དུ་བགྲོད་ཕྱོགས་ཀྱི་ལམ་བུ་མི་གཅིག་ཅིང་།       འགྲོ་བ་པོ་གང་ཟག་ཀྱང་མི་གཅིག་པ་རེད།     དེའི་སྟབས་ཀྱིས་ཁོ་བོའི་ཡིད་སེམས་ཀྱི་གཉུག་གཤིས་ལ་ནི་རང་རང་སོ་སོའི་སྤྱོད་པ་སྐྱོང་ན་མི་ལེགས་སམ་སྙམ་གྱིན་ཡོད་ནའང་།     རེ་ཞིག་དགག་སྒྲུབ་ཀྱིས་རྣམ་པ་ནི་གང་ལའང་བྱེད་རུང་ལ་བྱེད་ཀྱང་འོས་འཚམ་མིན་པར་མི་སེམས་སོ།     འདི་ལྟར་བྲིས་པ་དེར་རྒྱ་ཆེ་རུ་སྤྲོས་ན་ཚར་རྫོགས་མ་མཆིས་པ་ཞིག་ལགས་ན།                

རྗེས་ཕྱོགས་སུ་འདིའི་ཆར་དཔྱད་པ་དང་དོགས་སློང་དོད་དུ་དགག་སྒྲུབ་ཀྱིས་རྣམ་པ་ལ་ཤིན་ཏུ་འཇུག་པར་སྤྲོ་བ་བརྟས་མོད།      འོན་ཀྱང་རེ་ཞིག་འདིས་ཙམ་གྱིས་འཐུས་པར་བྱས་ཏེ་མཇུག་སྒྲིལ་བ་བྱས་སོ།

   

              བདེན་པའི་དོན་ལ་བདེན་དུ་བཅུག་པ་མཁས་པའི་ཚུལ།།

   བདེན་པའི་དོན་ལ་མི་བདེན་བསྙོན་འདི་བླུན་པོའི་ལུགས།།

              བདེན་པའི་དོན་འདི་མཐར་ཐུག་གནས་ལུགས་ངོ་བོ་སྟེ།།

              བདེན་དང་མི་བདེན་འབྱེད་པར་གངས་སྲས་ང་ཡི་གཤིས།།

 

                            མཇུག་གཏམ་གྱི་དོད་དུ།།

 

འདི་བཞིན་ངས་རང་ཉིད་ཀྱི་སྨྲ་ལྕེ་ཐོགས་ཏེ་འཁྱོལ་ལ་མི་འཁྱོལ་བའི་སྐད་ཆ་ཚིག་འགའ་ཡིས་གོམ་སྟབས་ཀྱིས་བསྒྱུར་མཚམས་འདིར་སླེབས་དུས །

ཀློག་པ་པོ་མང་དག་ཅིག་གི་སེམས་ཁམས་སུ་དགའ་སྐྱོ་འདྲ་མིན་ཅི་རིགས་ཤིག་གིས་ཟུག་སློང་གིས་ཚོར་མྱོང་ཞིག་ཅིས་ཀྱང་གཏོང་སྲིད་མོད།    འོན་ཏེ།      ངས་འདི་ལྟར་གླེང་བ་ནི་སྐྱེས་སྦྱངས་ཀྱི་ཕ་མཐར་སོན་པའི་ཤེས་རབ་ཆེ་མདོག་གིས་ལབ་གཏམ་སྒྲོགས་པ་མིན་ལ།        ལྟ་གྲུབ་རྒྱལ་ཕམ་གྱི་ཐོབ་ཤོར་རྩོད་པའང་དེ་བས་ཀྱང་ག་ལ་ཡིན་ཏེ་མིན།     ངས་འདི་ནས་མ་གཞི་ནས་ཡིན་པའི་རང་བཞིན་གྱི་གཤིས་ལུགས་ངོ་མ་དག་བརྗོད་ཀྱིན་ཡོད་པ་ལས།   གཞན་དུ་ན་ཅི།     སྤྱིརདྲང་པོའི་གཏམ་གྱི་གཉའ་ནས་མི་གནོན་ཞིང་།   ལོག་པར་སྨྲ་བ་ཡལ་བར་མི་འདོར་བ། ”   ཅེས་ཟེར་བ་བཞིན་རང་ལགས།    དེས་ན་དམིགས་བསལ་གྱིས་ཞུ་མཆིད་གཞན་མ་མཆིས་མོད་ཀྱང་།     ཅིས་ཀྱང་ཞུ་དགོས་པ་ཞིག་ནི་ངའི་རྩོམ་ཐུང་འདིས་མཁྱེན་རྒྱ་མཁའ་ལྟར་ཡོངས་བའི་གོང་བཞུགས་པའི་དྲན་དབང་དམ་པ་ཚོ་དང་།        ལྷག་པར་དུ་དཔྱོད་ཤེས་ཀྱི་བློ་མིག་ལྡན་ཞིང་བསམ་བློ་མེ་དཔུང་གི་ཚ་རླབས་འཕྱུར་བཞིན་པའི་ན་གཞོན་བ་དག་དང་།     ད་དུང་ང་ལ་ཡིད་ཆེས་དང་གློ་སྙིང་ཁེན་བའི་མི་བུ་དེ་ཚོར་ཕོག་ཐུག་འདྲ་གཏོང་སྲིད་ན་དགོངས་འགལ་མེད་པ་མཁྱེན་གསོལ་ཞུ་བ་ལགས་སོ།

 

 

 

༢༠༡༣ལོའི་ཟླ་༤པའི་ཚེས་༣ཉིན་ཁམས་མི་ཉག་དར་མདོ་མཛའ་གཞས་ལུང་བ་ནས་སྦྱར་རོ།

 

Re:ཟབ་མོ་དབུ་མ་ལྟ་བའི་འབྱུང་ཁུངས་ལ་ཏོག་ཙམ་དཔྱད་པ་གཟུར་གནས་དྲན་དབང་དགྱེས་པའི་འབེལ་གཏ | 2013/3/30 10:08:21
boncuteཐུགས་རྗེ་གནངས་་་་་་་་་གངས་ཐིག་གིས།
Re:ཟབ་མོ་དབུ་མ་ལྟ་བའི་འབྱུང་ཁུངས་ལ་ཏོག་ཙམ་དཔྱད་པ་གཟུར་གནས་དྲན་དབང་དགྱེས་པའི་འབེལ་གཏ | 2013/3/28 20:13:51
སྐུ་མགྲོན་1HXj0N(སྐུ་མགྲོན)༧ རྒན་ལགས་ནས་འདི་ལྟ་བུའི་ཚད་མཐོའི་དཔྱད་རྩོམ་གནང་བར་རྗེས་སུ་ཡི་རངས་ལན་བརྒྱར་ཞུ་རྒྱུ་དང་འབྲེལ། ད་དུང་རང་ལུགས་དབུས་གཏེར་གྱི་ཐེག་དགུ་སྟོན་པས་གསུངས་པའི་རྗེས་སུ་རྣམ་རང་སོགས་གྲུབ་མཐའ་རང་རང་གི་ལུགས་འཛིན་པའི་ཞང་བོད་ཨོ་རྒྱན་སོགས་ཀྱི་མཁས་གྲུབ་གང་ཙམ་བྱོན་པ་དང་། དེ་བཞིན་དེང་ཆར་གྲུབ་མཐའ་དེ་དག་གི་གནས་སྟངས་གང་ཞིག་ཡིན་མིན་དང་འཛམ་གླིང་གི་ས་ཆ་གང་ཞིག་ཏུ་བསྟན་འཛིན་གྱི་སྐྱེས་བུ་གང་ཞིག་བཞུགས་པ་བཅས་མདོར་ན་རང་ལུགས་ཀྱི་གྲུབ་མཐའ་དེ་དག་སྤྱིར་བསྟན་པ་ཙམ་མ་ཡིན་པར་དངོས་ཡོད་མིག་སྔར་འདི་དང་དེ་ཞེས་སྟོན་རྒྱུ་བྱུང་ན་དགེ་མཚན་ཅིས་ཀྱང་ཆེ་བས་དེ་སྐོར་ལ་ཁ་གསལ་གནང་རྒྱུའི་རེ་བ་ཆེ་ཞུ། དྲྭ་གྲོགས་ཁྱུང་གསེར་ཞུན་ནས།
རྩོམ་པ་པོ།:སྐུ་མགྲོན་1HXj0N(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.