དགག་སྒྲུབ་སྙིང་སྟོབས།།
ཕུགས་བསམ་རྣལ་མ་རེ་ཀུན་ལ་མངའ་རུང་།།
བསམ་བློ་འདུ་ཤེས་ཤིག་རྒྱུན་ལྡན་ཡོད་ཀྱང་།།
སྒལ་ཚིགས་ཉེར་བརྒྱད་ལ་ངར་ཞིག་མེད་ན།།
རུས་རྐང་བརྟན་པོ་ཞིག་ཆགས་ས་མ་རེད།།
རུས་ལངས་གོག་པོ་ལ་གཡོ་འགུལ་ལྡན་ཀྱང་།།
རྣམ་ཤེས་གསོན་པོ་ཡི་དྲོད་ཁོལ་རྒྱུ་རུང་།།
བསམ་བློ་ཁ་ཕྱོགས་ཀྱི་ཕུགས་འདུན་མེད་ན།།
འཛམ་གླིང་མྱི་གྲལ་ལ་ཚུད་ས་མ་རེད།།
གནའ་བོ་རིག་གཞུང་ལ་ཉམས་གུད་མེད་ཀྱང་།།
བློ་དང་རིག་པ་ཡི་དྲན་ཤེས་རྣོ་རུང་།།
དེང་རབས་ཚན་རྩལ་གྱི་ལག་ཆ་མེད་ན།།
སྔོན་ཐོན་གྲལ་འགོ་ལ་ཟིན་ས་མ་རེད།།
སྐྱེད་སྦྱོང་ཤེས་ཡོན་གྱི་བློ་རིག་རྒོད་ཀྱང་།།
རྣམ་དཔྱོད་ཤེས་རབ་ཀྱི་བློ་རྩལ་མྱུར་རུང་།།
དུས་མཐུན་ལྟ་ཚུལ་ཞིག་ཀླད་པར་མེད་ན།།
དུས་རབས་བསམ་བློ་ཞིག་འཁོར་ས་མ་རེད།།
བསམ་བློ་ལྟ་ཚུལ་ལ་འཐེན་འཁྱེར་དགོས་ཀྱང་།།
དུས་ཀྱི་ན་གཞོན་ཚོ་དམིགས་འདུན་ཡོད་རུང་།།
བསམ་གཞིགས་རྣལ་མ་ཞིག་གཏོང་རྒྱུ་མིན་ན།།
རིགས་ཀྱི་རྗེས་འཛིན་ཞིག་ཡོང་ས་མ་རེད།།
ཕྲག་དོག་སྟག་མོ་འདྲས་ངར་སྐད་སྒྲོགས་ཀྱང་།།
ང་རྒྱལ་ཁེངས་དྲེགས་ཀྱི་མགོ་འཕང་མཐོ་རུང་།།
རིག་གནས་དགག་སྒྲུབ་ཀྱི་སྙིང་སྟོབས་མེད་ན།།
བདེན་པའི་དབའ་བོ་ཞིག་ཡོང་ས་མ་རེད།།
བསམ་ཚད་བརྗོད་ཕོད་ཀྱི་ཆོད་སེམས་ཡོད་ཀྱང་།།
གནས་ལུགས་དྲང་བདེན་གྱི་སྐད་ཆ་ལབ་རུང་།།
ཀུན་མཐུན་བདེན་དོན་ལ་གཅེས་སྤྲས་མེད་ན།།
བྱས་ཚད་དོན་ཆེན་ཞིག་ཡོང་ས་མ་རེད།།
མདའ་སྨྱུག་སེང་རྡོ་སོགས་བདེན་དོན་ཡོད་ཀྱང་།།
ལྟ་ཚུལ་རྣལ་མ་དེ་ལྷུག་པར་བརྗོད་རུང་།།
ན་གཞོན་ལྟ་ཚུལ་ལ་གུ་ཡངས་མེད་ན།།
དྲང་བདེན་གནས་ལུགས་ཤིག་ཡོད་ས་མ་རེད།།
དགེ་ཆོས་གཉིས་པ་དང་གསུམ་པ་འཁྲུངས་ཀྱང་།།
རྣམ་དཔྱོད་ཁ་ལོ་དེ་ཇི་ལྟར་བསྒྱུར་རུང་།།
རུལ་སུངས་གཅོང་རོང་ལ་བཅོས་སུ་མེད་ན།།
རིག་པའི་འཕྲུལ་ཆེན་དེ་ཤོང་ས་མ་རེད།།
དཔྱོད་ཤེས་ཀྱི་གད་རྒྱང་མཁའ་ནས་སྒྲོགས་ཀྱང་།།
བག་ཆགས་ཀྱི་ས་བོན་དོག་ནས་སྤྲུགས་རུང་།།
དུས་རབས་ལྟ་ཚུལ་གྱི་བསམ་བློ་མེད་ན།།
རྙིང་ཞེན་བག་འཁུམ་ཚོར་ཐུལ་ས་མ་རེད།།
ཕྱི་ནང་ཀུན་ལ་མཁས་པ་ཞིག་རློམ་རུང་།།
སྤྲེལ་ལད་ཚུལ་འཆོས་དེ་མིག་སྔར་མཛེས་ཀྱང་།།
ལུག་རྫི་རྒན་པོ་ཞེས་ཆོས་མིན་སྲིད་མིན།།
རང་གཞན་ཕུང་བྱེད་ལས་ཡོད་ས་མ་རེད།།
ཆོས་མིན་སྲིད་མིན་གྱི་ལས་ལ་ཞུགས་རུང་།།
མི་དོན་ལྷ་དོན་གཉིས་ལྷན་དུ་སྤྱོད་ཀྱང་།།
ལྷ་མི་ཆོས་སྲིད་ལའང་འདྲ་མཉམ་ཡོད་པས།།
ཕྱོགས་རིས་ཁྱད་བསད་ཅིག་དེ་ཙམ་མ་གནང་།།
ཞང་གངས་སྲས་ཀྱིས་རྔ་ལྗོངས་གཡང་ལྡན་ཕྱུག་མོ་ནས།
༢༠༡༡ལོ་ཟླ༡ཚས༨ཉིན།
- ཟིན་ཐོ་གོང་མ།ལྟ་མགུར་གངས་སེང་ང་རོ།།
- ཟིན་ཐོ་འོག་མ།དགག་སྒྲུབ་སྙིང་སྟོབས།།