འཛམ་གླིང་གོ་ལ་ཟླུམ་པོ་ཡང་སྟེང་།
ཤམ་བྷ་ལའི་ཞིང་ཁམས།
ཁ་བ་རི་བའི་སེམས་ཁོང་གི་དག་ཞིང་སྟེ།
བོད་བསིལ་ལྡན་གྱི་ལྗོངས་འདིར།
དབྱར་གྱི་མེ་ཏོག་ལྟར་བཞད་མ་མྱོང་ཞིང་།
སྤྲིན་གྱི་སྒྲ་དབྱངས་བཞིན་ལྡིར་མ་མྱོང་བའི་གོང་རོལ་ཞིག་ལ།
གནའ་བོ་ཕུལ་བྱུང་གི་ཡབ་མེས་གོང་མ་སྟེ།
སྐྱབས་གཅིག་མཐོང་བ་དོན་ལྡན།
འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོ།
མཁྱེན་བརྩེ་ཡེ་ཤེས་ཀྱི་རང་གཟུགས་
རྣམ་འདྲེན་བརྒྱ་བའི་མགོན་པོ་གཤེན་རབ་མྱི་བོ་ཆེས།
དཔའ་བོ་འབྲུ་ལྔའི་ས་བོན་རེ་རེས།
དབྱངས་གསལ་སོ་བཞི་སྟེ།
འཕྲུལ་ཡིག་བཞི་བཅུའི་ལང་ཚོ་གསར་དུ་བསྐྲུན་ཏེ།
དབྱངས་གསལ་སོ་བཞིའི་ཚེ་སྲོག་དེ་ནས་རྙེད།
དུས་དེ་ནས་བཟུང་།
གངས་དཀར་པོའི་དབུ་རྩེ་ནས།
སེང་དཀར་མོའི་ངར་སྒྲ་བཞིན།
འཛམ་གླིང་གི་ཡུལ་ཕྱོགས་མཐའ་གྲུ་ཀུན་ཏུ།
ཞི་བདེ་ཡི་ཁ་གཡང་ཤུགས་ཀྱིས་སྒྲོགས་ཤིང་།
འགྲོ་མིའི་རྨོངས་མུན་གྱི་དྲྭ་ལས་བཏོན་ཏེ།
འཚེ་མེད་ཞི་བདེ་ཡི་དཔལ་ལ་བཀོད་ཅིང་།
བདེ་སྐྱིད་རྫོགས་ལྡན་གྱི་ཉི་གཞོན་མཁའ་དབྱིངས་སུ་འཚེར་ཏེ།
སྐྱེས་རྒུ་བསོད་ནམས་ཀྱིས་མེ་ཏོག་ས་གཞིར་ཁེངས།
དབྱངས་གསལ་སོ་བཞིའི་ང་རོ།
རང་དབང་གིས་འདོན་པའི་མི་ཡུལ་ལུང་པའི་མྱི་སྐད་གསོན་པོ་ཞིག་སྟེ།
ཁྱེད་ཀྱི་སྐད་གསང་ལ་འགག་པ་མེད་ཅིང་།
ཆུ་བོའི་རླབས་སྒྲ་བཞིན།
བར་སྣང་དྲི་བཞོན་ལྟར།
ཀུན་ལ་གྲགས་ཤིང་ཀུན་ལ་ཁྱབ་ཡོད།
དབྱངས་གསལ་བཞི།
བོད་པ་ཚོའི་སྙིང་གི་ཟབ་ས་རུ་རྒྱུ་བའི་།
ཟུངས་ཁྲག་གི་བཞུར་རྒྱུན་དྲོན་མོ་ཡིན་ལ།
མི་རིགས་ཤིག་གི་ཚེ་སྲོག་དང་མཉམ་དུ་འཕྱོ་བའི་མཐོ་སྒང་གི་རྣམ་ཤེས་གསོན་པོའང་ཡིན།
དབྱངས་གསལ་སོ་བཞི།
མེས་པོ་ཚོའི་ལོ་རྒྱུས་གསལ་བའི་གཡའ་དག་གི་མེ་ལོང་།
མི་རིགས་ཤིག་གི་རྨོངས་མུན་སེལ་བའི་འོད་གསལ་གྱི་སྒྲོན་མེ།
དབྱངས་གསལ་སོ་བཞི།
ཨ་ཕའི་ཞལ་རྒྱུན་ལས་ཐོས་ཤིང་།
ཨ་མའི་འཛུམ་མདངས་ལས་མཇལ་བྱུང་།
དབྱངས་གསལ་སོ་བཞི།
མི་རིགས་ཤིག་གི་རུས་རྐང་ལ་སྣུམ་ཆིལ་ཆིལ་གྱིས་ཐིམ་པའི་ཟུངས་བཅུད་ཀྱི་དྭངས་མ།
ཁྱེད་ནི་མི་རིགས་ཤིག་གི་སྒལ་ཚིགས་འདེགས་པའི་ཚེ་སྲོག་གི་ཀ་ཆེན།
དབྱངས་གསལ་སོ་བཞི།
ཁྱེད་ནི་མི་རིགས་ཤིག་དང་མཉམ་དུ་འཚར་ལོངས་བྱུང་ཞིང་།
མི་རིགས་ཤིག་དང་མཉམ་དུ་གཉོམ་ལག་རྒྱས་།
སྒེག་ཉམས་ལང་ཚོ་ཡི་དཔལ་ཡོན་མཐོ་སྒང་ནས་དར་ཞིང་།
མཛེས་སྡུག་གཟི་འོད་དཀར་པོ་གངས་རི་ལས་འཕྲོས།
དབྱངས་གསལ་སོ་བཞི།
བོད་པ་ཚོའི་ཟུངས་ཁྲག་དམར་པོ་དང་ལྷན་དུ་བཞུརད་ཅིང་།
བོད་པ་ཚོའི་སྙིང་གསོན་པོ་དང་མཉམ་དུ་ལྡིར།
དབྱངས་གསལ་སོ་བཞི།
བོད་པ་ཚོའི་ལས་དབང་གི་ངོ་གདོང་སྐྱ་བོ་ལ།
ཚོན་མདངས་ཀྱིས་དོད་པའིརི་མོ་སྣུམ་པོ།
དབྱངས་གསལ་སོ་དཞིའི།
སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་ཞིང་།
ཁྱེད་ཀྱི་ལང་ཚོ་རི་རྒྱལ་བཞིན་འགྱུར་མེད་ཐེར་ཟུག་གི་གཤིས་སུ་གྲུབ་པར་སྨོན།
༢༠༡༢ལོ་ཟླ༡༡ཚེས༢༥ཉིན་ཁམས་མི་ཉག་དར་མདོ་ནས་ཞང༧གངས་སྲས་ཀྱིས་སྦྱར་བའོ།
- ཟིན་ཐོ་གོང་མ།འགྲོ་བའི་སེམས་ཀྱི་ཉི་གཞོན།།
- ཟིན་ཐོ་འོག་མ།ལྟ་མགུར་གངས་སེང་ང་རོ།།