གཤེན་རླུང་འཚུབ་མའི་གད་རྒྱངས།
རི་གངས་རྒྱལ་ཏི་སེ་སྐྱེས་ལྷ་རུ་མཆོད་ཅིང་།།
མཚོ་མ་ཕམ་གཡུ་མཚོ་བླ་མཚོ་རུ་བཀུར་བའི།།
བོད་སྒང་བ་ཚང་གི་སྐྱིད་སྡུག་གི་བདག་པོ།།
ཤར་རྨ་རྒྱལ་པོམ་ར་གཏང་རག་ལ་བྱོན་དང་།།
གཏམ་ཁ་བཤད་མཐོན་པོ་མི་དམངས་ལ་སྒྲོག་པའི།།
ནང་སེམས་རྒྱུད་ཚིག་པའི་སྙིགས་དུས་ཀྱི་བཙུན་པ།།
ཁ་རང་ལ་བསྐོར་ནས་ཐུགས་བསམ་རེ་བཞེས་དང་།།
བོད་གདོང་དམར་ནང་འཁྲུགས་གཞི་མ་དེ་གོ་འོང་།།
གནས་མཐོ་སྒང་སྰ་ལའི་སྨན་ལྗོངས་ཀྱི་རི་གྲོང་།།
གནའ་དང་མར་བོད་རྒྱལ་སོ་གཉིས་ཀྱི་རིང་ལ།།
ཡུལ་བོན་ཡུལ་ཡིན་པ་ལོ་རྒྱུས་ཀྱི་འཕྲང་ཡིན།།
ཆོས་གྲུབ་མཐའ་འགལ་མེད་དགོངས་དོན་ཡང་གཅིག་ཡིན།།
ཤ་རུས་པ་དྭངས་མོ་བོན་ཁྱིམ་ནས་གྲོལ་ཡང་།།
སྔོན་ལས་འཕྲོ་ལྷག་མ་དམ་ཆོས་ལ་འཁོར་བའི།།
བློ་རིག་པ་རྟུལ་པའི་སྲོང་བཙན་གྱི་རིང་ནས།།
བོད་གངས་ཅན་བདེ་བའི་ཉི་མ་དེ་ཐུང་སོང་།།
མགོན་ཤྰཀ་གཤེན་རྣམ་གཉིས་ཐུགས་ཀློང་ནས་འཁྲུངས་པའི།།
གཞུང་མདོ་སྔགས་ཟབ་མོ་བོན་ཆོས་ཀྱི་དགོངས་དོན།།
གནས་གདུལ་བྱ་རྒྱ་མཚོ་ཞི་བདེ་ལ་བཀོད་པའི།།
ནང་ཆགས་སྡང་འདུལ་བའི་གཉེན་པོ་དེ་གཅིག་ཡིན།།
རུས་ཤ་ཁྲག་གཙང་མ་སྔོན་ཆད་ནས་འབྲེལ་ཡང་།།
ནང་མཐུན་སྒྲིལ་དམ་ཚིག་ནམ་ཞིག་ནས་ཆད་སོང་།།
ཆོས་རྒྱུད་དང་འདྲེས་ན་མཁས་པ་ཡི་མཆོག་ཡིན།།
ཆོས་ཁ་བཤད་སོང་ན་ཁྱིམ་པ་ལས་སྡུག་ཡིན།།
རྗེ་རྒྱལ་བ་རྣམ་གཉིས་སྐུ་གསུང་གི་སྤྲུལ་ཡིན།།
གསུང་བོན་ཆོས་རིས་མེད་འགྲོ་འདུལ་གྱི་ཐབས་ཡིན།།
འཁོར་དགེ་འདུན་སྡེ་ཚོགས་གདུལ་བྱ་ཡི་མགོན་ཡིན།།
བོད་གདོང་དམར་ཚོ་ནི་གཡུང་དྲུང་གི་སྤུན་ཡིན།།
སྔོན་རྒྱལ་བློན་བཙན་པོའི་ལོག་སྨོན་གྱི་མཐུ་ལས།།
སེམས་ནོར་འཁྲུལ་གཅིག་གིས་ཕ་མགོ་དེ་བཅད་སོང་།།
དུས་དེང་སང་ང་ཚོའི་གནས་བབས་ལ་གཞིགས་དང་།།
སྙིང་མཆིན་པའི་གཏིང་ནས་སྐྱོ་བ་ཞིག་སྐྱེས་འོང་།།
ཡུལ་གངས་རི་མཚོ་གསུམ་པང་ཁུག་ལས་སྐྱེས་པའི།།
སེམས་བོད་ལ་དཀར་བའི་རིགས་གཅིག་གི་སྤུན་ཟླ།།
ཕྱོགས་རིས་མེད་ལོ་རྒྱུས་ཡིག་ཚང་ལ་གཟིགས་ན།།
འུ་སྒང་བ་ཚང་གི་གཅེས་ནོར་དེ་ཤེས་འོང་།།
སྤྱིར་ལྷ་ཡི་སྒྲུང་བཤད་ངག་ལམ་ན་གྲགས་པའི།།
གཏམ་བཤད་ཚད་མི་བདེན་ཡིད་རྟོན་ཀྱང་མི་རུང་།།
གཞུང་གྲུབ་མཐའ་རིས་མེད་ཕྱོགས་ཀུན་ལ་བགྲོས་དང་།།
བློ་རེ་དོགས་སེལ་བའི་བདེན་དོན་ཞིག་ཡོད་རེད།།
ཞེ་ཁ་འཛིན་རྒྱབ་རྟེན་འདི་སྣང་ལ་རེ་ནས།།
ལག་ལས་ཀ་མཛེས་པོ་བསྟན་འགྲོ་རུ་གསུངས་ཀྱང་།།
དོན་དངོས་ལ་གཞལ་ཚེ་དམ་ཆོས་དང་འགལ་ན།།
ཆོས་བསྟན་པའི་གཞུང་ཤིང་སྐྱབས་འགྲོར་ཡང་འགལ་འགྲོ།།
ལས་ག་བྱེད་ཅི་བྱེད་མཛེས་ཆོས་སུ་ཤོར་ནས།།
བོད་མགོ་ནག་སྐྱིད་སྡུག་ཐལ་བ་ཡིས་གཅུས་པའི།།
མི་དེ་ཚོའི་ཐུགས་ན་སྐྱིད་སེམས་ཤིག་ཡོད་ན།།
ཕྱོགས་རྒྱལ་ཁམས་ཡོངས་ལ་སྙིང་གཏམ་ཞིག་བཤད་རན།།
མགོན་གཤེན་རབ་མི་བོའི་ཞལ་གསུང་གི་སྙིང་ཏིག།
བོན་ཞྭ་དཀར་བསྟན་པའི་གསུང་རབ་ཀྱི་དགོངས་དོན།།
གཞུང་མདོ་སྔགས་ཟབ་མོར་རྒྱུས་ལོན་ཞིག་བྱོས་ན།།
སེམས་བསམ་པའི་གཏིང་ནས་ངེས་ཤེས་ཤིག་རྙེད་འོང་།།
ལུས་ལང་ཚོ་གཉོམ་པོ་གཞན་ཡུལ་ན་འཁྱམ་ཡང་།།
སེམས་བསམ་པ་དཀར་པོ་ཕ་ཡུལ་ལ་འཁོར་བའི།།
དོན་མདོ་མེད་བུ་ངའི་ཚེ་གཅིག་གི་རེ་བ།།
ཆོས་གྲུབ་མཐའ་མ་རྩོད་རང་ས་ལ་ཞོག་ཅིག།
༢༠༡༡ལོའི་ཟླ་བ༡༢པའི་ཚེས༢༧ཉིན་ཤར་བྱང་ཞི་བདེའི་མཚོ་ཁ་ནས་བྲིས།