ཤར་གྱི་རྫ་རི་ལ་འཐེན་པའི་ལྷ་དར།
ཚོགས་གཉིས་ཆུ་ཡི་ཕུང་པོའི་དབུས།།
སྐུ་བཞི་གསེར་གྱི་བང་རིམ་མཛེས།།
མཚན་དཔེ་ཉི་ཟླའི་འོད་ཕྲེང་ཅན།།
ཀུན་མཁྱེན་ལྷུན་པོ་གཙུག་ན་རྒྱལ།།
སྣང་བཅས་གདོས་ལུས་འོད་དུ་དེངས།།
སྣང་མེད་བོན་སྐུ་རང་ཞལ་མཇལ།།
སྣང་བཞི་ཟད་སར་ཕྱིན་པའི་མགོན།།
འཇའ་ལུས་རྒྱ་མཚོ་ཤར་རྫ་བ།།
ལྟ་བ་བླ་མེད་ཀློང་དུ་བརྡོལ།།
སྤྱོད་པ་ཕྱོགས་ལས་རྣམ་པར་རྒྱལ།།
སྒོམ་པ་རྩོལ་མེད་དབྱིངས་སུ་གྲོལ།།
རིག་སྟོང་རྒྱ་མཚོ་ཤར་རྫ་བ།།
རབ་འབྱམས་རྒྱལ་སྲས་འཕགས་པའི་སྐུ།།
ལུང་རྟོགས་འཕྲུལ་ངག་བོན་མཆོག་གསུང་།།
རྨད་བྱུང་རྒྱལ་ཀུན་རོལ་བའི་ཐུགས།།
མཆོག་གསུམ་རྒྱ་མཚོ་ཤར་རྫ་བ།།
སྙིགས་མའི་རྟ་གདོང་མེ་ལྕེའི་རླབས།།
ལུང་རྟོགས་ཆུ་བོས་གཞིལ་མཛད་པའི།།
མཛོད་ལྔ་ནོར་མཆོག་གཏེར་གྱི་བདག།
ཀུན་མཁྱེན་རྒྱ་མཚོ་ཤར་རྫ་བ།།
རྒྱལ་བསྟན་གངས་རིའི་དགའ་ཚལ་ནས།།
ཉམས་རྟོགས་འོ་མས་གཡུ་རལ་གསིག།
ལུང་རིགས་དབལ་གྱི་མཆེ་སྡེར་གཟེངས།།
རྩལ་གསུམ་རྒྱ་མཚོ་ཤར་རྫ་བ།།
བསྟོད་ཚིག་དད་པའི་རང་སྒྲ་འདི།།
དྲི་མེད་སེམས་ཀྱིས་ཕུལ་བ་ཡིས།།
བདག་སོགས་འགྲོ་བ་མ་ལུས་ཀུན།།
སྨྲ་བའི་ངག་གི་དཔལ་ཐོབ་ཤོག།
༧དགོང་མོ་ཞིག་ལ་རྫ་རི་གྱེར་ཟ་མཆེད་གསུམ་གྱི་མདུན་ཞོལ་ཤར་རྫའི་རི་ཁྲོད་ནས་གསོལ་བ་དྲག་ཏུ་བཏབ་སྟེ་བྲིས་པའོ།།