ཟུར།
ཁག་དང་བོ།
དུས་ངན་ཟུར་གསུམ་དགུ་མདུད།།
མི་རྟག་ཁྲོམ་གྱི་འཚུབ་རླུང་།།
ལས་དང་ལས་ཀྱི་བར་སྟོང་།།
ལེབ་དང་ཟུར་ནས་སླེབས་འདྲ།།
རི་ག་ལུང་གསུམ་མདོ་རུ།།
རྩངས་པ་རྒྱལ་བོ་ཀེར་ཀེར།།
རྟ་ཕོ་མེ་འབར་ཁ་ནས།།
འཚེར་སྒྲ་གནམ་ལྕགས་དུ་བ།།
ཉག་གའི་མཐུར་ཤོར་གན་ན།།
སྐྱ་ག་ཚོམ་ཚོམ་གྲག་པ།།
སྤྱང་རྒན་ཁ་ལ་མེ་འབར།།
དུས་དགུན་ཀླག་རྒྱངས་ལན་གསུམ།།
ས་ནག་སྒལ་རུས་བཅག་པར།།
འབུར་འཇོམས་ཐོ་ནག་མི་འོང་།།
སྤ་བཀོང་ལས་ཀྱི་ཕྱག་རྒྱ།།
མར་རྩམ་མཆོད་པས་མི་ཁུག།
སྲང་ལམ་སྐྱག་ཁང་འགྲམ་ན།།
སྦྲང་ནག་འཕུར་འཚུབ་མང་པོ།།
ཤེལ་ཏོག་ཆག་རོའི་སྟེང་ན།།
དམར་པོ་རྐང་ཁྲག་ཙར་ཙར།།
མཚན་མོར་སྒོ་དར་ཐོག་ནས།།
འུག་པ་ཁྭ་ཏར་ཟུག་པ།།
གཤེད་ཟ་གདོན་ཆེན་བཅོ་ལྔ།།
སུའི་ཚང་ཁྱིམ་ལ་འཛུལ་བ།།
ནགས་ཀྱི་རི་དྭགས་གླ་སྐྱ།།
རྟག་པར་མི་ལ་བཟུར་འགྲོ།།
རྣ་ཅོག་ཀྲོང་ཀྲོང་ནང་ལ།།
སྟག་མོའི་ངུ་སྐད་མི་འཁོར།།
འབུད་ཤིང་བཅག་པའི་ཆག་སྒྲ།།
གཉིད་ལོག་མི་ལ་སྙིང་གཟེར།།
དགུན་འཁྱག་ནངས་མོ་ཞིག་ལ།།
ཇ་ནག་ཁ་དྲི་སིབ་སིབ།།
གཞི་རིམ་ཁང་ཆག་ནང་ལ།།
མཆུ་ཏོ་བློང་བློང་བོ་རུ།།
སྨོན་ལམ་ག་ཚོད་བཏབ་པ།
ད་ལོ་ཉིས་སྟོང་ལོ་ནག།
༢༠༡༢ལོའི་ཟླ་༡༢་པའི་ཚེས་༣་ཉིན་གྱི་ཞོགས་པར་བྲིས།