རང་གིས་རང་ལ་གྲོས་འདེབས་པ།
མདོ་ཁམས་སྨད་དྲུག་གཡང་གི་ར་བ་ན།།
རྒྱལ་བསྟན་སྒྲོན་མེ་རིག་པའི་རྩལ་གྱིས་སྤར།།
བྱམས་སེམས་སྨ་ར་དུང་ལྟར་དཀར་བ་ཞིག།
བདག་གི་བླ་མ་མུ་ལའི་མཚན་ཅན་སྐྱོངས།།
དང་པོར་ལུས་འདི་དྲིན་ཆེན་ཕ་མས་སྤྲད།།
བར་དུ་འགྲོ་འདུག་གདམ་ག་རང་གིས་བྱས།།
ཐ་མར་མི་ལུས་དོན་གོ་བླ་མས་བྱིན།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
ལས་དང་རྐྱེན་ངན་སྐབས་ཀྱི་ཆག་སྒོ་ལས།།
ལུས་སྐྱེས་ཨ་མར་ཆུང་ནས་བྲལ་ན་ཡང་།།
སེམས་བསྐྱེད་སློབ་དཔོན་དམ་པའི་ཞལ་གྱིས་ཟིན།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
བཅོས་མིན་བསམ་སྦྱོར་རྣམ་དཀར་དགེ་ལ་ཕྱོགས།།
ལྷག་བསམ་གཙང་མས་ལྔ་རིག་གཞུང་ལ་བརྩོན།།
ཆོད་སེམས་བརྟན་པོས་མཁས་པའི་གོ་སར་འབད།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
དགེ་བའི་བཤེས་གཉེན་ལེགས་པའི་ལམ་སྟོན་མཛད།།
གཞུང་ལུང་མང་པོར་ཐོས་བསམ་རྣལ་མས་སྦྱངས།།
སློབ་གྲོགས་བཟང་བོས་རྣམ་རིག་རྩལ་གྱིས་བདར།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
མི་ལོ་མང་པོར་རྒྱང་རིང་ཡུལ་ནས་འཚོ།།
མི་ཚེ་སྟོད་མ་ཐོས་བསམ་ཀློང་ནས་ཟད།།
མི་ལུས་རི་ཐང་ཆུད་ཟོས་མ་སོང་བར།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
ཐོབ་དཀའ་མི་ལུས་རིན་ཆེན་དལ་འབྱོར་རྙེད།།
མཇལ་དཀའ་སངས་རྒྱས་གཡུང་དྲུང་བོན་ལ་མཇལ།།
འཕྲད་དཀའ་དགེ་བའི་བཤེས་གཉེན་མགོན་གྱིས་ཟིན།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
ལྔ་རིག་ཤེས་བྱ་གཏེར་གྱི་བང་མཛོད་ལས།།
རང་ལ་དགོས་པའི་ནོར་བུ་རིན་པོ་ཆེར།།
ཅི་དགར་སྤྱོད་པའི་བསྐལ་བ་སྔར་ནས་ལྡན།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
དགའ་སྡུག་མི་ཚེ་འཁོར་བའི་ཐང་སྟོང་ནས།།
ཡོན་ཏན་དགའ་མ་སྙན་ངག་སྙིང་སྡུག་མ།།
ལས་ཀྱི་དབང་གིས་གཏན་གྱི་གྲོགས་སུ་གྱུར།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
དུས་རབས་གསར་བའི་མཁའ་དབུགས་གཙང་མའི་འོག།
རྒྱལ་ཁམས་མིག་གིས་གསལ་བའི་སྐད་ཡིག་རིགས།།
བག་ཙམ་སྦྱངས་པའི་རང་དབང་འབྱོར་བ་ལ།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
མིང་སྐམ་གྲགས་པ་གཉེར་བའི་འདུར་རྒྱུག་དང་།།
ཆེན་པོའི་གོ་སར་གཟེད་པའི་འཆར་ཡན་སེམས།།
རིང་ནས་མི་མངའ་གྲྭ་རྐྱང་དཀྱུས་མ་ཞིག།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
དུས་འདིར་ཀླད་གསར་ལྟ་བའི་གཞོན་སྐྱེས་ཚོས།།
སྲོལ་རྒྱུན་རིན་ཆེན་རྩ་ནས་བརླག་སྐད་དུས།།
རང་རིགས་རིག་གཞུང་མ་དོར་རྒྱུན་འཛིན་པ།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
དཀོར་གྱིས་རྒྱགས་པའི་སེར་མོ་ངེད་མ་ཉན།།
ནོར་གྱིས་བསླུས་པའི་ཤེས་ལྡན་བདག་མ་ཁུག།
ནམ་ཡང་སློབ་གཉེར་རྒྱག་པའི་སློབ་མ་ཞིག།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
ད་དུང་མ་འོངས་མི་ཚེ་ལྷག་མ་འདི།།
ཅིས་ཀྱང་རིག་གཞུང་ཀློང་ནས་རྫོགས་དགོས་པ།།
གྲྭ་རྐྱང་ང་ཡི་དམ་ཚིག་དང་པོ་སྟེ།།
དོན་འདིར་བསམ་ན་ཁོ་བོ་ལས་ཅན་ཞིག།
ཚིག་གི་སྙན་ཆ་བྲལ་བའི་རྩོམ་ཐུང་འདི།།
དོན་གྱིས་བཤད་པ་དྲང་མོ་དྲང་བཞག་ཉིད།།
དེ་སྔར་ལས་ཀྱིས་མྱངས་པའི་མྱོང་བ་དག།
རང་གིས་རང་ལ་གྲོས་ཤིག་འདེབས་པ་ཙམ།།
༢༠༡༣་༡་༡༨་ཉིན་བྲིས།