ཟུར།
ཁག་གཉིས་པ།
ཉི་མ་ལྷ་སའི་གླིང་གི།
རྟེན་སྐུ་ཇོ་བོ་ནོར་སྡུད།།
མར་མེ་སྨོན་ལམ་ཁ་ན།།
ཨ་རག་ཆང་གིས་བཟི་འདྲ།།
མགོ་ནག་བོད་པའི་མགོ་ཡི།།
ནོར་བུ་ཁ་ནག་མཆུ་ཤོ།
མི་སེམས་མི་ལ་མ་གཏུག།
དད་སེམས་ཆུ་ལ་བསྐུར་འགྲོ།།
ཤར་སྟོད་ཤར་གྱི་ཡུལ་ལྷ།།
ཤར་གཉན་རྨ་རྒྱལ་པོམ་ར།།
བསང་དུད་རླུང་མེའི་བར་ན།།
བཟི་ཁབ་ལན་གཅིག་ཕོག་འདྲ།།
བོད་ཡུལ་རྫ་སྒང་ཁྲོད་ན།།
ཞེ་རྩ་རྣག་གིས་བཟུང་བའི།།
ཆེན་མིང་སེར་གཟུགས་རེ་འགས།།
དམངས་ཀྱི་གློ་སྙིང་བྲུས་བཞག།
བསམ་དགུའི་ཐབས་ཀྱི་སྒྱེ་མོ།།
གཞོན་རབས་རིག་པའི་དཔའ་བོ།།
སྲོལ་རྒྱུན་གཉའ་བའི་ཁྲི་ན།།
རློམ་སེམས་ཁྲག་གིས་མྱོས་འདྲ།།
ལྟ་གྲུབ་ཤེའུ་མུན་ཀློང་ན།།
མཁས་པ་ཁ་མང་ཚིག་སྐམ།།
ཁ་བཤད་དོན་ལ་འགལ་བ།།
ལག་ལེན་རི་མོ་མི་མཚུངས།།
བརྟུལ་ཕོད་སྤྱང་རིག་བརྣག་པའི།།
གངས་ཅན་ལྷ་ཕྲུག་ཕོ་མོ།།
ད་ལྟ་དུས་ངན་འདི་ན།།
ཀླད་པ་ཆུས་ཡིས་བཀྲུས་འདྲ།།
ཨ་ཁ་ང་ཚོའི་ལས་འདི།།
ཅི་འདྲའི་གཏད་སོ་བྲལ་བ།།
བསྟན་འགྲོ་ཁ་འཁྱེར་དག་གིས།།
འཕོངས་ཀྱི་སྐྱག་པ་ཕྱི་བྱེད།།
༢༠༡༢་ལོའི་ཟླ་༡༢་པའི་ཚེས་༡༢་ནུབ་མོའི་ཆུ་ཚོད་༡༢་ཐོག་འགོ་བཟུང་སྟེ་མཇུག་རྫོགས་པར་བྲིས།