སྙིགས་མའི་རང་མཚང་།
བསྐལ་བ་ཡ་ཐོག་ན་བླ་མ་སངས་རྒྱས་རང་བྱོན།།
མར་གྱུར་འགྲོ་བ་དྲུག་བདེ་སྐྱིད་བྱིན་རླབས་རང་འཁྱིལ།།
དུས་ཀྱི་མར་ཞབས་འདིར་བདུད་དང་འགོང་བོ་རང་འཁོར།།
ལས་ངན་སྐྱེ་འགྲོ་ཚོར་བསླུ་བྲིད་སྡུག་བསྔལ་རང་སྒྲུབ།།
དུས་ངན་དེང་སང་ལ་སྒོར་མོ་གསོག་སྒྲུབ་རེག་ན།།
ཕ་མ་དྲིན་ཆེན་ཡང་དམྱལ་བའི་འཕྲང་ལ་དེད་འགྲོ།།
ངོ་མར་སྤྱི་ཚོགས་འདི་ཐན་དང་ལྟས་ངན་མིན་ན།།
ཐམས་ཅད་བདེན་ཞེན་གྱི་དངངས་སྐྲག་ན་ཟུག་མི་འབྱུང་།།
སྲིད་འབྱོར་རིག་གསུམ་གྱི་སོལ་རླངས་ཁོག་ཏུ་རྔུབ་པའི།།
སྔོན་ཐོན་མི་རིགས་ཚོའི་ཀླད་པ་མེ་ལྟར་འབར་བས།།
དུས་རབས་བྱ་བཞག་གི་བདེ་སྐྱིད་མེ་ཏོག་ར་བ།།
བཤད་པའི་རྫུན་གཅིག་གིས་ཐལ་བ་རྡུལ་དུ་སྤྲུགས་སོང་།།
འཇིག་རྟེན་མི་ཡུལ་གྱི་ལྷིང་འཇགས་བླ་ཡིད་སེམས་གསུམ།།
སྐད་ཅིག་བློང་བློང་གིས་རྟ་རྒོད་རི་ལ་འདྲོག་འདྲོག།
ཐལ་མ་སྐྱེས་བོ་ཚོས་འབད་པ་བརྒྱ་ཡིས་བསྒྲུབས་པའི།།
ཚན་རིག་ལན་ཆགས་ཀྱི་རྣམ་སྨིན་རང་འཁོར་མིན་ནམ།།
བརྒྱ་ལ་ལོ་རྒྱུས་འདིས་འགྲོ་བ་གང་མང་ཞིག་ལ།།
མ་འོངས་མི་ཚེའི་སྟེང་ལམ་སྟོན་སློབ་གསོའང་འགྱུ་ཆེར།།
གང་ལྟར་སོ་སོའི་འཆི་བར་སྔ་ཕྱི་ཙམ་མ་གཏོགས།།
ཆོས་ཉིད་ལྡོག་མེད་འདི་ང་ཚོ་ངེས་པར་བརྒྱུད་དགོས།།
རྒྱལ་བའི་བསྟན་པ་ལ་ཞུགས་པའི་དགོས་པ་ཡོད་མེད།།
དོན་གྱི་ཉམས་ལེན་ལ་ཕྱིན་པའི་གོམས་འདྲིས་ཡོད་མེད།།
རང་གིས་མི་ལུས་འདི་ལེན་པའི་གོ་ཆོད་ཡོད་མེད།།
སྐབས་ཐོག་འདི་འདྲ་ལ་ང་ཚོའི་སེམས་ལ་ཁྲིགས་སེ།
ང་ཡི་གྲོགས་པོ་ཚོར་སེམས་ཀྱི་དྲི་བ་ཞིག་ལ།།
མ་འོངས་མི་ཚེ་འདིར་འགྲོ་ལམ་གང་ཞིག་བདམ་རྒྱུ།།
མི་ཚེའི་སྙིང་པོ་འདི་ཉམས་ལེན་བོན་གྱིས་ལེན་རྒྱུ།།
ཕྱི་མར་དགོས་ངེས་ཀྱི་ལམ་བྲོ་བག་ཙམ་བསྒྲུབ་རྒྱུ།།
ངོ་མར་མི་ཚེ་འདི་དོན་སྙིང་ཆེན་གི་ཟེར་རུང་།།
དོན་གྱིས་བདེ་བ་ཞིག་ཐོབ་མཁན་བརྒྱ་ལ་རེ་འགའ།།
དུད་འགྲོ་བྱོལ་སོང་ཞེས་ཀུན་ཀྱིས་ཁ་ནས་སྨད་ཀྱང་།།
སེམས་ཀྱི་སྡུག་བསྔལ་དེ་ང་ཚོ་མི་ལ་ཐུ་འདྲ།།
ད་ནི་ཡོད་ཚད་ཀྱང་མིག་རྩེ་རྡོག་སྣེར་མ་གཏད།།
རང་མགོ་རང་གཡོག་ལ་བསམ་ལོག་དད་ལོག་ཅི་ཕན།།
བག་ཡངས་ལྷོད་དལ་གྱི་འབྱུང་འགྱུར་འཚོ་བའི་ཀློང་ལ།།
དགའ་དགའ་སྐྱིད་སྐྱིད་ཀྱིས་གོམ་ཁ་ཡུན་གྱིས་བསྒྱུར་ཤོག།
༢༠༡༢ལོའི་ཟླ༡༢པའི་ཚེས༢༢ཀྱི་དགོང་མོར་བྲིས།