མྱི་སེམས་གདུས་པའི་ཁུ་བ་ནག་པོ།
ལྟ་བ་མཐའ་བྲལ་གྱི་དབྱིངས་ནས།
སྒོམ་པ་རྩོལ་མེད་ཀྱི་ཀློང་ནས།།
སྤྱོད་པ་འཚེ་མེད་ཀྱི་ངང་ནས།།
གཉུག་མའི་རྒྱལ་ཁམས་སུ་སླེབས་ན།།
སེམས་ཁྲིད་འཕོ་སྦྱངས་ཀྱི་གདན་ལ།།
འཁྲུལ་འཁོར་རྩལ་སྦྱངས་ཀྱིས་བཞུགས་ཤིང་།།
སྣང་བཞི་ཟད་ས་ལ་བསྐྱལ་ནས།།
བློ་ཟད་བོན་ཟད་ཅིག་བྱུང་ན།།
རྟོག་གེ་རིག་ཚོགས་དང་བྲལ་ནས།།
མཐའ་བཞི་རྒྱ་གྲོལ་གྱི་ལྟ་བར།།
དོན་གྱི་མྱོང་བ་དེ་ཐོབ་ནས།།
འཁྲུལ་བ་འོད་གསལ་ལ་གྲོལ་ན།།
དབེན་གསུམ་རི་སུལ་གྱི་ཕུག་ན།།
གཏན་གྲོགས་ཉམས་ལེན་ལ་འགྲོགས་ནས།།
བྱ་དང་རི་དྭགས་ཀྱི་ཚོགས་དང་།།
བག་ཡངས་རྩེད་རྒྱུ་ཞིག་བྱུང་ན།།
མི་ཚེ་མི་རྟག་ལ་བསམས་ནས།།
འདི་སྣང་བྱ་བཞག་དེ་བསྐྱུར་ནས།།
སྦྱོང་བ་སྔགས་རྫོགས་ཀྱི་ལམ་ནས།།
ཚེ་འདིར་རྣལ་འབྱོར་དེ་འགྲུབ་ན།།
བླ་མ་དྲིན་ཆེན་གྱི་ཐུགས་རྗེས།།
ཕ་ཆོས་གསེར་ནག་གི་བདུད་རྩི།།
སྙིང་གི་ཡོལ་གོ་རུ་བསྐྱིལ་ནས།།
མཁྱེན་པའི་རྒྱལ་ས་དེ་ཟིན་ན།།
ནོར་ནི་ནོར་བ་རུ་གོ་བར།།
གཏམ་སྙན་བྲག་ཆ་རུ་གཟིགས་ཤིང་།།
འཚོ་བ་བྱ་ཚང་ལ་བསྟེན་ནས།།
མཐའ་མར་ཁྱི་རྒན་བཞིན་འཆི་ན།།
༢༠༡༢་ཟླ་༡༡་ཚེས་༡༧་གྱི་ཞོགས་པ་བྱ་བ་ཕྲན་ཙམ་གྱིས་རྐྱེན་བྱས་ཏེ་སེམས་ཀྱི་སྨོན་པ་ཙམ་དུ་ཐད་ཀར་བྲིས་པའོ།།