ཉི་ཟླའི་དབྱངས།
སྲིད་ཞིའི་རྒུད་བརྡུངས་ཀྱི་གསེར་ནག་ཐོ་བ།།
ཞི་བའི་རིག་མཛོད་ཀྱི་སྒྲོན་མེ་འོད་ཆེན།།
སྟོང་གསུམ་ཁ་བསྒྱུར་གྱི་རྣམ་འདྲེན་ཕོ་ཉ།།
འཁོར་འདས་དགྲ་བཅོམ་གྱི་རྒྱལ་པོར་འདུད་དོ།།
གངས་ཀྱི་ལྟེ་བ་འདི་གཤེན་གྱི་གདུལ་ཞིང་།།
སྲིད་པའི་ལོ་རྒྱུས་ཀྱི་ལོ་ན་མཐོ་ས།།
བསམ་བློའི་ཤེས་རིག་གི་ཚེ་སྲོག་འཁྲུངས་ས།།
དག་པ་འོད་གསལ་གྱི་དམུ་ཐག་རྒྱོང་ས།།
དེ་མའི་གདོད་མ་ཡི་མར་འགྲིམས་ཤིག་ན།།
ཀླུ་གཉན་མ་སངས་དང་ཁ་རག་ཡུག་གིས།།
མུན་ནག་གླིང་དགུ་ཡི་གཞུང་ལ་འཛེར་བ།།
འཁྱར་བསྒྱུར་རྡོལ་གསུམ་གྱིས་ཡུལ་རིས་འགེམས་པ།།
དུས་ངན་དེ་ཤེད་ཀྱི་ཟུར་གསུམ་རྩེ་མོར།།
རླབས་ཆེན་ཐོད་སྲས་ཀྱིས་ཐུགས་སྒམ་གཅིག་གིས།།
དམིགས་པ་ཁ་གཏད་ཀྱི་བཀའ་འཁོར་རྣམ་གསུམ།།
བདུད་འདྲེ་སྙིང་བསད་ཀྱི་གཤེད་དུ་བསྐུལ་ལོ།།
གང་དུས་བསྐལ་ཁུགས་སུ་འོལ་ཕུ་ལུང་ནས།།
མུ་ཆོ་སེང་ཆེན་གྱི་སྡེར་མོ་ལྕགས་ཀྱིས།།
རྒྱན་དྲུག་མཁས་བཞི་ཚོའི་སྒལ་རུས་བརྡུངས་པས།།
ས་ནག་ལུང་ཁོག་འདིར་བསྟན་པའི་མེ་འབར།།
དུས་ཀྱི་བསྐལ་བ་འདི་ཡར་ཐོག་རིང་མོ།།
ལས་ཀྱི་ས་པ་འདི་བསྟན་པའི་བབས་སོ།།
བསྟན་པའི་ཡང་རྩེ་འདི་སྒོ་བཞི་མཛོད་ལྔ།།
སྟོན་པའི་གཙོ་བོ་འདི་གཤེན་རབ་མྱི་བོ།།
ཁ་གསབ་སྤྲེལ་ལད་ཀྱི་བུ་དོད་གོག་པོ།།
གཏང་རག་ཚུར་བསྐྱེལ་གྱིས་བག་ལ་བརྫངས་ཀྱང་།།
ཞང་མཁར་བྱེ་མ་ལ་དངུལ་གྱི་རྫ་འཕྲང་།།
ཁྱུང་གི་རིག་མཛོད་ཀྱི་ཕ་ས་མ་ཁུངས།།
ཁྲག་གི་ཕུང་པོ་ཡང་འོད་ཀྱི་འཇར་དེངས།།
རགས་པའི་སྣང་སེམས་སུ་གསལ་བའི་སྐུར་བཞེངས།།
རྒྱལ་ཁམས་དུག་འགྱེད་ལ་གསེར་གྱི་ཛྭོ་འཕེན།།
ཐུན་མིན་ལྟ་གྲུབ་འདི་རང་སའི་ནོར་ཡིན།།
གནའ་དེར་གྲི་རུམ་གྱི་བཙན་དོང་འོབས་སུ།།
རྒྱལ་ངན་གླེན་རྡོ་ཡིས་མུན་ནག་རལ་གྲི།།
འོད་ཀྱི་ཕང་བ་རུ་ལན་འགར་བསྣུན་བཞག།
བུན་གྱི་ལན་ཆགས་འདི་སྲོག་གི་དོས་དྲགས།།
ལོ་རྒྱུས་རྒུད་གསུམ་གྱི་ཆགས་འཇིག་ཁྲོད་ན།།
རྣམ་རྟོག་ཁྲག་འཐུང་གི་གླང་ཆེན་སྨྱོ་པས།།
གཤེན་བསྟན་པད་མཚོ་རུ་འདོམས་ནག་སྤྲུགས་པར།།
མུན་པའི་རྫུན་ཁུང་ན་ཟེར་ཞིག་ཡོད་རྐྱེན།།
དུས་ངན་མུན་ནག་གི་འཇུར་མིག་སྦུབས་སུ།།
རང་མགོ་སྟག་གསེས་ཀྱི་མྱི་བུ་སྐོར་ཞིག།
རིགས་ཀྱི་བླ་རྐང་ལ་གཙུབས་བརྡར་སྤྲད་འདི།།
གསེར་གྱི་ཕོར་པ་རུ་སྐྱག་པ་བཏང་འདྲ།།
ཕ་མེས་དུར་ཁུང་ལ་གཅིན་པས་བྲན་ཞོལ།།
ཕ་ནོར་རིག་མཛོད་དུ་འཕྲེད་ཉལ་རྒྱག་པའི།།
ཕ་བསད་ལས་གོམས་ཀྱི་གདོང་དམར་ལོ་ལོ།།
ཕ་ནོར་རིན་ཐང་དེ་ཤེས་རན་མིན་ནམ།།
རི་བོ་ཏེ་སེ་ལས་ལོ་ན་བགྲོས་ཤིང་།།
མ་ཕམ་མཚོ་འཇིངས་ལས་གཏིགས་སུ་ཕྱིན་པའི།།
གཤེན་རབ་མྱི་བོ་ཡི་ཐུགས་སྒམ་གསོན་པོ།།
གྱེར་བསྟན་གཙང་མ་འདི་རླབས་པོ་ཆེ་ཨང་།།
ཕ་ཆོས་སྡེ་གསུམ་གྱི་གསེར་ནག་སྒྲོམ་བུ།།
བྱར་ཐོགས་བཅོ་བརྒྱད་ཀྱི་སྲོག་གི་བླ་ཡིན།།
གནམ་གྱི་ཁྲི་བདུན་གྱི་འོད་ཀྱི་ལམ་ཡིན།།
རིགས་ཅན་འོག་མ་ཚོ་འཁྲུལ་བའི་གཞི་ཡིན།།
ལྷ་རི་གྱང་ཐོའི་རྩེར་མུན་པའི་ཞྭ་བསྐོན།།
ཡར་ཀླུང་སོག་ཁ་རུ་བྱེ་མའི་མཁར་བརྩིགས།།
གདུག་ཅན་སྲིན་མོ་ལ་བརྩེ་བའི་གཉེན་བསྒྲིགས།།
དྲིན་ཆེན་ཡབ་མེས་ཚོའི་སྲོག་གི་བུན་ཟ།།
གཤེན་རབ་ཕ་ཆོས་ནི་དྲིན་ཆེན་ཕ་ཡིན།།
ཕ་ཁྱིམ་སྦྲ་ནང་གི་ཡིད་བཞིན་ནོར་ཡིན།།
ནོར་བུ་དགོས་འདོད་འདི་གངས་ཀྱི་སྙིང་ཡིན།།
སྙིང་རུལ་བུ་ཚ་ཚོའི་ཆད་པའི་སྐལ་ཡིན།།
བོན་གཤེན་རྔ་ཐོགས་ཚོ་བྱམས་པའི་མ་ཡིན།།
མ་ལགས་ཐུགས་དགོངས་ནི་ནམ་མཁའི་མཐའ་ཡིན།།
མཐའ་ཐུག་དམིགས་ཡུལ་ནི་བསྟན་འགྲོའི་དོན་ཡིན།།
དོན་མེད་སྐུར་འདེབས་ནི་བླུན་པོའི་ལུགས་ཡིན།།
ཆ་ཚང་བསྟན་པ་ཞིག་རང་ལྡོག་མེད་ཁར།།
རྒྱུ་བོན་རྣམ་བཞི་འདི་ཁྱོན་ནས་མི་མངའ།།
འདུལ་བརྒྱུད་ཐེག་ཆེན་ཡང་རང་གི་མ་ཡིན།།
གྲུབ་མཐའི་རྩ་བ་དེ་གང་ལ་བསྟེན་ཡོད།།
གཟུར་གནས་མཁས་དབང་ཚོས་བདེན་པའི་མཐའ་འདེད།།
དཔྱོད་ལྡན་གཞོན་རབས་པས་ལོ་རྒྱུས་འགག་བཙགས།།
སྔོན་ཐོན་མི་རིགས་ཀྱིས་ཕ་མེས་དུར་བསློགས།།
འཐེན་འཁྱེར་གླེགས་བམ་དག་ལྷ་སྒྲུང་འགྱུར་ཉེན།།
གླད་པའི་འོད་ཁང་ན་མུན་པའི་སྨག་འཐིབས།།
ཙི་ཏའི་མཆིང་གུར་ན་ཆགས་པའི་མཚོ་འཁྱིལ།།
ལྗགས་ཀྱི་ངར་གོང་ན་སྡང་བའི་མཚོན་གཟེངས།།
གཤེན་བསྟན་འོ་མཚོ་ན་སྡིག་པའི་དུག་འདེབས།།
མཐུན་སྒྲིལ་གཞན་ཕན་གཉིས་ཁ་ནས་བཤད་བཤད།།
ཕུང་དཀྲུགས་གཡོ་ལས་གཉིས་རྩམ་པ་ཟ་ཟ།།
ཁ་ལག་ལྟག་སྤྲད་ཀྱི་སྡིག་འཁོར་བསྐོར་བས།།
བཙན་པོའི་གདུང་རྒྱུད་ཀྱང་སྔར་ནས་བཅད་སོང་།།
སྲིད་པའི་རྩེ་མོ་འདི་དབལ་སོ་གངས་རེད།།
གངས་ཀྱི་ཡུལ་གྲུ་འདི་ཕུ་ནུའི་ཚང་རེད།།
ཚང་དཀྲུགས་ལས་ཀ་འདི་སྤུན་ཟླའི་ནང་རེད།།
ནང་གི་སེམས་རྩ་འདི་འཁྱག་པ་ཆུ་རེད།།
ཡོད་ཚད་འདྲ་མཉམ་གྱི་དུས་སྐབས་འདི་རུ།།
རིགས་གཅིག་སྤུན་ཟླ་ཡི་འདང་ཞིག་མེད་ན།།
བླ་ངན་དཔོན་བསྒྲིགས་ཀྱི་འཕྲིན་ལས་རྫོབ་པོ།།
དུས་ཀྱི་ཉི་མ་དང་ལྷན་དུ་ནུབ་ཚར།།
ད་ནི་རུས་རྐང་ན་ཁྲག་ཅིག་ཡོད་ན།།
ལུང་རིགས་གཉིས་མེད་ཀྱི་སྨྱོ་ལབ་མ་བརྒྱག།
འདི་ཕྱི་གཉིས་ཕུང་གི་ཚོགས་ངན་མ་བསགས།།
རྒྱལ་བསྟན་ཚོ་དཀྲུགས་ཀྱི་ལས་ཀ་མ་སྒྲུབ།།
འདི་བྲིས་དགེ་ཚོགས་ཀྱིས་ས་ཆེན་འགྲོ་བས།།
གྲུབ་མཐའི་རྒྱལ་པོ་ཡི་དགོངས་དོན་རྟོགས་ཤིང་།།
བོན་བསྟན་སྨད་མཁན་གྱི་ལས་ངན་དེ་ཚོའི།།
མཐོ་རིས་ལམ་ཟིན་གྱི་རྒྱུ་རུ་བསྔོ་འོ།།
༢༠༡༢/༡/༢༡/དགོང་མོར་དེ་སྔར་ཁམས་ཕྱོགས་ཀྱི་དེབ་འཁྱམ་ཞིག་གི་ནང་དུ་ལུང་རིགས་གང་ཡང་རྒྱབ་གཏད་མེད་པར་ཕྱོགས་རིས་ཁོ་ནས་བོན་བསྟན་སྨད་པའི་རྩོམ་འཆལ་ཐུང་
ཐུང་ཞིག་བྲིས་ཡོད་པ་མཐོང་བས་དེ་ལ་ཁ་གཏད་དུ་ཤར་བྱང་ཞི་བདེའི་མཚོ་ཁ་ནས་བྲིས་པའོ།།