གཞི་བྱེས་བོད་མི་ཡོངས་ལ་ཕུལ་བའི་གནམ་ལོ་གསར་བའི་ཁ་གཡང་།
ཀྱེ་ཀྱེ་ལྟོས་དང་སྙིང་གི་གྲོགས་པོ་ཡ།།
རེ་སྨོན་ལྷག་བསམ་ཁྲི་ཡི་ཕ་མཐའ་ནས།།
བཀྲ་ཤིས་གནམ་ལོ་གསར་བ་ཚེས་བྱུང་བས།།
སེམས་ཀྱི་སྤྲོ་བ་འཛུམ་པའི་གདོང་ལ་ཕྱུངས།།
ཉོན་དང་སྙིང་སྟོབས་རྩལ་སྤྲུགས་གངས་རིའི་བུ།།
འདས་སོང་ལོ་ཟླར་བསྒྲུབས་པའི་བྱ་བཞག་དག།
མ་འོངས་འཚོ་བའི་རྒྱལ་ཁ་ཡིན་པས་ན།།
བཀྲ་ཤིས་ལྷ་དར་གཡང་ལོ་གསར་བར་འཐེན།།
གསོན་ཅིག་དགོངས་གསོལ་སྙིང་གི་སྤུན་ཟླ་ལགས།།
ང་ཚོ་ཚང་མས་ཁ་རུ་འཛོམས་པའི་ཉིན།།
སྐྱེས་ལྷ་གཉེན་པོ་སྒྲ་བླའི་ངོ་སོ་བསྟོད།།
བྱམས་བརྩེ་ཆང་དཀར་དྲིན་ཆེན་ཕ་མར་འདྲེན།།
འདི་ལྟར་ང་ཚོས་དམིགས་ཡུལ་གཅིག་གི་ཆེད།།
ཞི་བདེའི་མཐུན་སྒྲིལ་ཐུགས་ཀྱི་དཀྱིལ་ལ་བཞག།
ལྷག་བསམ་དཀར་པོ་གངས་རིའི་ལྗོངས་ལ་སྤྲོས།།
བདེ་ལེགས་ཁ་གཡང་ཁ་བ་ཅན་ལ་སྒྲོག།
བཀྲ་ཤིས་དུས་བཟང་ཉི་མ་ཤར་བ་ལ།།
ཕྱི་ནང་གང་བཞུགས་བོད་མི་ཡོད་དོ་ཅོག།
ཕ་མེས་བཟང་པོའི་ཕྱག་སྲོལ་མ་ཉམས་པར།།
དགའ་བའི་འཛུམ་དང་སྐྱིད་པའི་དགོད་སྒྲ་ཤོག།
ཕ་ཡུལ་གངས་ལྗོངས་སྔར་ལས་དར་ཞིང་རྒྱས།།
ཕ་མ་ལོ་ལོན་ཕྱྭ་ཚེ་གཡང་གིས་འཚོ།།
བུ་ཚ་གཞོན་ནུ་ཤེས་ཡོན་དཔལ་གྱིས་ཕྱུག།
ཕུ་ནུ་ལྷན་འཛོམས་སྐྱིད་པའི་བཀྲ་ཤིས་ཤོག།
༢༠༡༢/༡/༡༡/ཉིན་བྲིས།