བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་ཡི་མ་ཡུམ་སློབ་གླིང་།
[ 2012/1/9 16:19:00 | By: ཨ་ཀུན་གསལ་ཟླ་བ། ]
 

དྲན་རྟེན་གྱི་གླུ།

 

མ་ཡུམ་སློབ་གླིང་དང་ཁ་བྲལ་ཁར་དྲན་རྟེན་དུ་བཞག་པ།

 

རྒྱལ་བ་དངོས་བྱོན་གྱི་མུ་ལ་མ་ཏིས།།

བཀའ་དམ་གཉེར་གཏད་ཀྱི་བསྟན་སྲུང་རྒྱལ་མོ།།

མ་འོངས་མི་ཚེ་ཡི་བགྲོད་ལམ་སྟེང་གི།

འགལ་རྐྱེན་བར་ཆད་རྣམས་ཞི་བར་མཛོད་ཅིག།

 

མི་རྟག་འཇིག་རྟེན་ནས་མི་ལུས་བླངས་ཤིང་།།

མི་ཡུལ་ས་མཐའ་རུ་གྲྭ་སར་འགྲིམས་དུས།།

མི་མཆོག་བླ་མ་ཡི་ཐུགས་བརྩེའི་འོག་ནས།།

མི་ལུས་རིན་ཆེན་ལ་རིན་ཐང་ལྡན་སོང་།།

 

འདི་ནས་ཡར་བརྩིས་ཀྱི་བསྐལ་བཟང་ཞིག་ལ།།

ཅང་མེད་བུ་ཆུང་ང་སྔོན་ལས་ཤིག་གིས།།

མདོ་སྨད་སྣང་དགོན་འདིར་གྲྭ་སར་སླེབས་དུས།།

སྐྱབས་རྗེ་རྣམ་གཉིས་ཀྱི་སྐྱབས་འོག་ཚུད་སོང་།།

 

རིང་མིན་རྫོགས་ལྡན་གྱི་དུས་བཟང་ཚེས་ནས།།

བུ་ཆུང་སེམས་ནང་གི་རེ་བ་འགྲུབ་སོང་།།

གཡུང་དྲུང་བོན་བསྟན་གྱི་རྒྱལ་མཚན་སྒྲེང་བའི།།

མ་ཡུམ་སློབ་གླིང་གི་གསེར་ཞལ་མངོན་བྱུང་།།

 

ལས་དང་སྨོན་ལམ་གྱིས་སྣེ་ཁྲིད་བྱས་པའི།།

གཡུང་དྲུང་སྤུན་གྲོགས་ཚོའི་ལས་སྐལ་བཟང་པོས།།

མ་ཡུམ་སློབ་གླིང་འདིར་དངོས་ཞུགས་བྱེད་པའི།།

གོ་སྐལ་བཟང་པོ་དེ་ཡུན་གྱིས་ཐོབ་སོང་།།

 

རང་མོས་རང་དབང་གིས་སློབ་ར་འགྲིམས་ནས།།

མཚན་ལྡན་བཤེས་གཉེན་ཚོའི་མདུན་དུ་བཅར་ནས།།

གང་མོས་གང་འདོད་ཀྱིས་རིགས་ལམ་སྦྱོང་དུས།།

གཏན་གྱི་འདུན་མ་ཡི་ལམ་སྣེ་ཟིན་སོང་།།

 

དང་ཐོག་ང་རང་གིས་ཁྱབ་མཐའ་ཙམ་ཡང་།།

རང་གིས་རང་བློ་ལ་ངེས་པ་མེད་ཀྱང་།།

དེང་སང་རིགས་སྨྲ་ཚོའི་དབུས་ན་འགྱིང་བ།།

སྙིང་གི་སློབ་དཔོན་ཚོའི་གསུང་གི་དྲིན་ཡིན།།

 

གང་ལྟར་དུས་ཚོད་ནི་མི་སྡོད་གློག་བཞིན།།

དར་ཅིག་འཁྱུག་བཞིན་ལ་དེ་རིང་སླེབས་སོང་།།

རིང་མིན་ཡོད་ཚད་དང་གྱེས་དགོས་བསམས་ན།།

སེམས་ཀྱི་ཕུག་པ་འདི་དྲན་པའི་ཕྱི་རེད།།

 

ཚེ་རབས་སྔོན་མ་ཡི་ལས་འཕྲོ་ཞིག་གིས།།

རྣམ་དཔྱོད་ཤེས་རབ་ཀྱི་རིག་པ་བརྡར་རོགས།།

སྙིང་གྲོགས་ཚེ་འགྱུར་དང་བྲལ་དགོས་བྱུང་ཡང་།།

འུ་གཉིས་ནམ་ཡང་མ་གཅིག་གི་སྤུན་ཡིན།།

 

མཚན་ལྡན་བཤེས་གཉེན་དང་གཡུང་དྲུང་སྤུན་གྲོགས།།

འུ་ཅག་ད་ལོ་ནས་བྲལ་དགོས་བྱུང་ན།།

སྣང་ཡོར་སྒྱུ་ལུས་འདི་གྱེས་པ་བདེན་ཡང་།།

བརྩེ་བའི་སེམས་པ་ལ་བྲལ་ཐབས་ག་ཡོད།།

 

 ང་དང་ཁྱེད་ཚོ་ནི་ནམ་ཡང་སྤུན་ཡིན།།

མ་ཡུམ་སློབ་གླིང་ནི་ང་ཚོའི་ཡུལ་ཡིན།།

དྲིན་ཆེན་དགེ་རྒན་ཚོ་ཁོག་གི་སྙིང་ཡིན།།

མ་འོངས་འུ་ཅག་ནི་བསྟན་པའི་རྒྱུན་ཡིན།།

 

གཤེན་རབ་མི་བོ་ནི་ང་ཚོའི་མགོན་ཡིན།།

གཤེན་བསྟན་དར་སྤེལ་ནི་ང་ཚོའི་འགན་ཡིན།།

གཤེན་རབ་རིག་གནས་ནི་ང་ཚོའི་སྲོག་ཡིན།།

ངེད་ཅག་ཚང་མ་ནི་དམིགས་ཡུལ་གཅིག་ཡིན།།

 

བྲིས་པའི་རྩོམ་ཐུང་འདིར་སྙན་ཆ་དབེན་ཀྱང་།།

དོན་གྱིས་བཤད་པ་འདི་སྙིང་གི་གཏམ་ཡིན།།

ལས་ཀྱི་དབང་ཤུགས་འདི་འཁོར་འགྲོས་བཙན་པས།།

འབྲལ་ཁའི་སེམས་གཏམ་འདི་སྙིང་ནས་བྲིས་སོ།།

 

 

༢༠༡༡/༩/༢༦ལ་རང་ཤག་ནས་བྲིས།

 

 
 
Re:ང་ཡི་མ་ཡུམ་སློབ་གླིང་།
[ 2012/1/10 14:16:29 | By: danzengyixi ]
 
danzengyixi

བཀླགས་ཟིན། ལེགས་པོར་མཐོང་སོང་།
ལྷ་གཡག་དར་མས།
གཤམ་དུ་ཨ་ཀུན་གསལ་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
གངས་ཅན་བོན་གཞིས་རྩྭ་ཐང་ཡངས་པོ་ནས།།
བདེན་པའི་རྟགས་ཀྱིས་ཧུར་སྒྲ་སྒྲོག་མཁས་པའི།།
ལས་རིགས་འཆར་མཐུན་ལྷ་གཡག་དར་མ་ཁྱེད།།
ནམ་རྒྱུན་ཕེབས་པར་དབྱངས་ཀྱི་ལྷ་དར་འཐེན།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.