ཀ་རྩོམ་གདོད་མའི་ཚི་ཁུ།
ཀ་ར་བུ་རམ་སྒྲིག་པའི་སྒྲོམ་ཙེ་ཡི་འགྲམ་དུ།།
ཁ་དོག་ངུར་སྨྲིག་ན་བཟའ་སྐུ་ལུས་ལ་སྤུད་པའི།།
ག་ལེར་མིག་ཟུང་བཙུམ་པའི་སྙིགས་དུས་ཀྱི་བླ་སྤྲུལ།།
ང་རྒྱལ་རང་མཚང་བསྟན་པའི་ཆེ་ལུགས་འདི་མཚར་ཨང་།།
ཅ་རེར་མི་རྟག་ནོར་ལ་འགྲམ་ཆུ་རུ་ལྡང་ནས།།
ཆ་མེད་ཡུལ་གྲུ་ཀུན་ཏུ་རི་སྤྱང་བཞིན་འདུར་དུས།།
ཇ་རིལ་རྔུལ་ཆུས་བརླན་པའི་འོ་བརྒྱལ་དེ་བསམས་ན།།
ཉ་མོ་མཚོ་དང་བྲལ་བའི་སྡུག་བསྔལ་ལས་ཆེ་ཨང་།།
ཏ་ཟིག་རྒྱ་དཀར་ལ་སོགས་མི་ཡུལ་ལ་ཕེབས་ཤིང་།།
ཐ་སྙད་ཟེར་སྒྲོས་ཙམ་གྱིས་གྲུབ་པ་རུ་བརྫུས་ནས།།
ད་ཞག་རྒྱུ་ཡི་ཆེད་དུ་བསླུ་བྲིད་ལ་གཞིགས་ན།།
ན་རྒ་འཆི་བ་བྱུང་ཚེ་འགྱོད་པ་ཞིག་སྐྱེས་ཨང་།།
པ་ཏྲའི་རི་མོ་མཛེས་པའི་ཁྲི་འཕང་ལ་འགྱིང་ནས།།
ཕ་རོལ་འབྱོར་བ་ཅན་པོ་འཁོར་འབངས་སུ་བསྡུས་ཤིང་།།
བ་དཀར་གཤིས་ལས་འཇམ་པའི་ཚུལ་འཆོས་ཀྱི་བྱེད་པོས།།
མ་ངེས་ཕྱི་མའི་ལམ་སྟོན་གདམས་ངག་ཏུ་འགྲོ་ཨང་།།
ཙ་ར་བརྩེ་བ་ཆེན་པོའི་སྙིང་རྗེ་ཞིག་མེད་པར།།
ཚ་གྲང་དཀའ་བ་ཐུབ་པའི་གཞན་དོན་དེ་མི་འོང་།།
ཛ་ཡའི་མཛད་རྗེས་སྐྱོང་བའི་རྣམ་སྤྲུལ་ཞིག་ཡིན་ན།།
ཝ་ལེར་གཞན་མགོ་བསྐོར་བའི་བྱ་སྤྱོད་རྣམས་སྤོངས་ཨང་།།
ཞ་ར་འོན་པ་མཐོང་ན་རྒྱ་སྟག་བཞིན་འགྱིང་བ།།
ཟ་མ་མོ་དང་འཕྲད་ཚེ་ཁྱིམ་ལྟར་དུ་རྒྱུག་འགྲོ།།
འ་ཅག་བསྟན་པའི་ཞབས་འདྲེན་ལང་ཤོར་གྱི་སྐུ་ལོར།།
ཡ་རབས་དམ་པའི་ཡོན་ཏན་སྣ་གཅིག་ཀྱང་མེད་ཨང་།།
ར་བ་གངས་རིས་བསྐོར་བའི་ཕ་ས་འདི་བསྐྱུར་ནས།།
ལ་ལུང་ཤུགས་ཀྱིས་བརྒལ་ཏེ་རྒྱལ་ཁམས་ལ་ཉུལ་དུས།།
ཤ་རྗེན་འོ་འཛིན་ལྡེམ་པའི་ཕུང་འདྲེ་ཡི་བུ་མོར།།
ས་ལམ་རྩ་བའི་སྡོམ་ཁྲིམས་ཤོར་ཚུལ་འདི་སྐྱོ་ཨང་།།
ཧ་ཅང་བསྟན་དང་འགྲོ་ལ་ཐུགས་བརྩེ་རུ་ཆེ་བའི།།
ཨ་ལགས་མཚན་ལྡན་རྣམས་ནི་སྐྱབས་ཡུལ་གྱི་དྭངས་མ།།
ཧ་ལའི་དུག་གི་རྗེས་འགྲོ་བླ་སྤྲུལ་གྱི་མིང་ཅན།།
ཨ་སྡུག་ཚིག་ངན་འདི་དག་གསན་པ་ཞིག་བྱུང་ཨང་།།
༢༠༠༣/ལོར་རེ་སྐོང་བོན་བརྒྱ་དགོན་ནས་བྲིས།