དགེ་འདུན་ཆོས་འཕེལ།
གངས་ཐང་འཁྱགས་པའི་དགུན་གཞུང་ཞིག
བྱང་རླུང་འཚུབ་མའི་གཡུགས་སྟངས་ཤིག
རྣོ་ལྕགས་ཀྱི་ལང་ཚོས།
ཁ་བའི་བྲང་ཁོང་བརྡུང་།
དགེ་འདུན་ཆོས་འཕེལ།
མི་ལོ་ཁྲི་ཕྲག་གི་ཞིང་སར་བཏབ་པའི།
བག་ཆགས་ཀྱི་ལོ་ཏོག་རྙིང་བ།
སྐུ་ཉིད་ཀྱི་བསམ་གཞིག་གིས་བྲེག་དུས།
ཡ་མེད་པའི་བྲག་ཆ་ཞིག་གིས།
མཐོ་སྒང་གི་རི་ལུང་ཐང་གསུམ་གཉིད་ལས་དཀྲོགས།
དགེ་འདུན་ཆོས་འཕེལ།
ཁྱེད་ནི་ཅི་འདྲའི་བསམ་མི་ཤེས་པའི་བླུན་པོ་ཞིག
འཇིག་རྟེན་གྱི་གནས་ལུགས་མོད་པོ་རྡོག་པས་བརྫིས་ཤིང་།
བྲན་གཡོག་གི་འདུ་ཤེས་ཡོད་ཚད།
རྒྱང་ཕུད་ལ་བཏང་སོང་བ་རེད་ཨང་།
རྣམ་རྟོག་གིས་བཙེམས་པའི་སྲོལ་རྒྱུན་གྱི་ཀོ་ལྷམ་ཆུང་ཆུང་།
ཁྱེད་ལ་མི་མཛའ་བ་བདེན་ཡང་།
འདི་དག་ཡོད་ཚད་མི་ཡུལ་གྱི་ནག་ཉེས་ཡིན་པར་ཁྱེད་ཀྱིས་ཨེ་ཤེས།
དགེ་འདུན་ཆོས་འཕེལ།
འགྲོ་བའི་སྤྱི་གཙུག་ན་ཉལ་བའི་བླ་ཆེན་དང་མི་ཆེན་ཚོ་ནི།
ཁྱེད་ལ་མཚོན་ན།
ནམ་ཡང་དྲང་བདེན་གྱི་སྨྱུག་ཁ་དཀྱུ་ས།
རང་ཉིད་ཀྱི་ལྡོག་ཕྱོགས་སུ་བཞག་པའི།
ཆེས་མི་སྡུག་པའི་སྣང་བརྙན་ཞིག་ཏུ་འཁུམས།
སྒང་བ་ཚོའི་བླ་དང་འབྲེལ་བའི་ཁྱེད་ཉིད་ཀྱི་ཀླུང་རྟ་ནག་པོ།
ཁ་བའི་ཡུལ་གྲུར་བཤེར་དུས།
སྐུ་དྲག་ཚོའི་སྙིང་ནང་ནས་འགས་པས།
ཉེས་བ་དེ་བསམས་ན་མི་སྐྲག་ཨང་།
དགེ་འདུན་ཆོས་འཕེལ།
ཁྱེད་ནི་ཐོབ་དང་གོ་གནས་མེད་སའི།
དྲང་བདེན་གྱི་སློང་མོ་བ་ཞིག་ཡིན་སྐད།
ཏག་ཏག་བོན་རྗེ་གཉའ་ཁྲི་ནས་བཟུང་།
ཁྱེད་ཉིད་འདྲ་བའི་དབུལ་ཕོངས་ཤིག
ཡུལ་གྲུ་འདིར་བྱོན་མེད་པ་འདྲ།
ངོ་མར།
དྲང་བདེན་མ་གཏོགས་ཅི་ཡང་མི་ཤེས་པའི་གླེན་པ་ཁྱེད།
ཆེས་མཐའ་མར་རང་གི་གཅེས་སྲོག་ཀྱང་།
གངས་རིའི་ཕང་བར་དུར་འཇུག་བྱས་པ་མ་ཡིན་ནམ།
དགེ་འདུན་ཆོས་འཕེལ།
ཁེར་རྐྱང་གིས་བཞེངས་པའི་རྒྱལ་སྲས་དཔའ་བོ།
དོན་གྱིས་བཤད་ན།
ཁྱེད་ནི་བསམ་བློས་ཕྱུག་པའི་མི་བུ་ཞིག་སྟེ།
རོ་དང་འདྲ་བའི་ལུས་པོ་ལ་མ་ཆགས་པར།
གསེར་དང་མཚུངས་པའི་རྣམ་དཔྱོད་ཀྱི་ལམ་ནས།
རྒྱལ་ཁམས་རིག་པས་བསྐོར་བའི།
མི་རིགས་འདིའི་དུས་གསུམ་གྱི་བདག་པོ་ངོ་མ་ཡིན།
༢༠༡༠ ལ་མ་ཡུམ་བཤད་སྒྲུབ་སློབ་གླིང་ནས་བྲིས།