༧དགེ་བའི་བཤེས་གཉེན་ཆེན་མོ་ཁྱུང་དཀར་ཚང་རྗེས་སུ་
དྲན་པའི་བཅོས་མིན་སེམས་ཀྱི་རླབས་སྒྲ།
ཞིང་དག་པ་འོག་མིན་དབྱིངས་ཉིད་ན་བཞུགས་པའི། །
ཕ་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས་གཟིགས་ཤིག།
མགོན་ཁྱུང་དཀར་ཟླ་བ་གློ་བུར་དུ་གཤེགས་པར། །
བུ་ང་ཡིས་སྙིང་ནས་རྗེས་དྲན་ཞིག་གྱེར་འདོད། །
གནས་ལྷོ་རྒྱལ་གོ་ལའི་ཡང་རྩེ་ན་འཕགས་པའི། །
ཡུལ་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཕྱི་མ། །
སྨད་སུམ་པ་གླང་གི་གྱིམ་ཤོད་ཀྱི་ལྟེ་བར། །
སྐུ་མཚན་དཔེ་མེ་ཏོག་འདབ་བརྒྱ་དེ་གྲོལ་སོང༌། །
ཆུང་བྱིས་པ་ཡིན་དུས་ན་མཉམ་གྱི་ཁྲོད་ན། །
བློ་རིག་པ་རྒོད་པའི་གཞུང་དྲང་ཞིག་ཡིན་སྐད། །
ལས་འཚེ་མེད་ཞི་བདེ་རང་གཤིས་སུ་མངའ་བའི། །
མ་དྲིན་ཆེན་ཨ་མའི་གཅེས་ཕྲུག་ཅིག་ཡིན་སྐད། །
དུས་འགྱང་མིན་ལོ་ཟླའི་འཁོར་འགྲོས་ཀྱི་བར་ནས། །
སྔོན་ལས་འཕྲོ་བཟང་བོར་འཕྲལ་རྐྱེན་གྱིས་མཐུད་དེ། །
གནས་རྒྱལ་གར་འཕགས་པའི་ཡུལ་མཆོག་ཏུ་བསྐྱོན་ནས། །
མགོན་སྐྱབས་རྗེ་རྣམ་གཉིས་སྐྱབས་འོག་ཏུ་ཚུད་སོང༌། །
རྗེ་དཔོན་གསས་བླ་མའི་བྱམས་བརྩེ་ཡི་འོག་ཏུ། །
བློ་མ་བགྲོས་རང་མཐུན་བཅོས་མིན་གྱི་ངང་ནས། །
གནས་བཤད་པ་འཆད་ཉན་རྒྱ་མཚོ་རུ་ཞུགས་ཏེ། །
གཞུང་མདོ་སྔགས་བདུད་རྩི་ཧུབ་གཅིག་གིས་བཞེས་སོང༌། །
བོད་འབྱུང་ལྡན་སུམ་བརྒྱ་ཉག་གཅིག་གི་ནང་དུ། །
དོན་རིག་པའི་གནས་བཅུ་སྦྱོང་འབྲས་སུ་སྨིན་ཅིང༌། །
རྗེ་བླ་མའི་བཀའ་གསུང་སྤྱི་བོ་རུ་བསྩལ་ནས། །
མཚན་དགེ་བའི་བཤེས་གཉེན་དོན་དངོས་ཀྱིས་བླངས་སོང༌། །
ཡུན་མི་རིང་བསྐལ་བཟང་རྫོགས་ལྡན་གྱི་ཆར་ལ། །
དཔལ་བྱ་བཏང་བླ་མའི་གདན་ས་ཡི་ཞིང་དུ། །
སྣོད་མཚན་ལྡན་བཙུན་མ་གདུལ་ཞིང་དུ་དགོངས་ནས། །
ས་མདོ་སྨད་ཡུལ་གྱི་ལྷ་སྐལ་དུ་བྱོན་སོང༌། །
དུས་མི་རིང་བགྲང་བྱ་ལྔ་ཙམ་གྱི་རིང་ལ། །
གནས་ཉག་ཤོད་རོང་གི་གཤེན་བསྟན་གྱི་གདུགས་དཀར། །
ཡུལ་བན་བོན་རིས་མེད་ཁྱབ་བདལ་དུ་སྐོར་བ། །
བུ་སྐལ་ལྡན་ང་ཚོར་རྗེས་བཞག་གི་མཛད་འཕྲིན། །
སྤྱིར་འཇིག་རྟེན་སྣང་བ་རྨི་ལམ་གྱི་ཡུད་ཙམ། །
སྒོས་རྟག་པར་འཛིན་རྣམས་སུན་ཕྱུང་ལ་དགོངས་ནས། །
ཧོར་བྲག་འགོ་ཡུལ་ནས་ཉི་ཤར་གྱི་རྩེ་མོར། །
སྐུ་མི་རྟག་མྱ་ངན་བསྟན་ཚུལ་འདི་སྡུག་པ། །
མགོན་ཁྱེད་ཉིད་གཤེགས་དུས་སྟོན་དགུན་གྱི་མཚམས་ཡིན། །
བོད་གདོང་དམར་ཚང་ལ་བར་ཆོད་ཀྱི་རྐྱེན་ཡིན། །
རང་མི་རིགས་འདི་ལ་དོན་དངོས་ཀྱི་གྱོང་ཡིན། །
འཁོར་རྗེས་འཇུག་ང་ཚོར་དྲན་ཤིང་གི་ལམ་ཡིན། །
དོན་གཉུག་མའི་མངའ་བདག་གཞན་ཕན་གྱི་ཟླ་བ། །
དགུང་སྨག་རུམ་བཏོལ་ནས་ནུབ་རི་ལ་བཞུད་དུས། །
འབངས་མི་སེར་སྡུག་གི་མུན་ཁྲོད་དུ་ལྷུང་བས། །
ས་ཆེན་པོ་འདི་ཡང་ལྕུག་ལྕུག་ཏུ་འདར་བྱུང༌། །
མགོན་ཁྱེད་ཀྱི་རྗེས་འཇུག་བཙུན་མ་ཡི་འཁོར་ཚོགས། །
བུ་དྭ་ཕྲུག་འདྲ་བའི་མི་ཡུལ་ནས་ལུས་སོང༌། །
སྙིང་དམར་པོར་འཁོར་བའི་སྐྱོ་གདུང་གི་མཆི་མ། །
མིག་ཁྲ་ཆུང་འདབས་ན་གཙང་བོ་བཞིན་འཁྱིལ་འདུག།
ཡུལ་ཉག་ཤོད་ཨ་འཛི་ཏྲ་ལུང་གི་མཆོད་གནས། །
གནས་ཁ་བ་ལུང་རིང་འདབས་རོལ་ལ་འཁྲིལ་བའི། །
བུ་བླ་སློབ་འཛོམ་སའི་བྱ་བཏང་གི་དབེན་ཁྲོད། །
དུས་སྔོན་དང་མི་འདྲ་སྟོང་བ་རུ་ལུས་ཡོད། །
དགོང་མཚན་མོ་རེ་རེར་མུན་ནག་གི་རྩེ་ནས། །
ནུབ་མཁའ་ལམ་རིང་མོར་ཁེར་འགྲོ་རུ་བྱེད་པའི། །
འོད་ཟེར་བརྒྱར་འབར་བའི་དུང་ཟླ་དེ་མཐོང་ཚེ། །
འཁོར་འདུས་སྡེ་སེམས་རྩ་ཆུ་འཁྱག་ལས་གྲང་བྱུང༌། །
ད་མཁྱེན་ཅིག་དགོངས་ཤིག་མཚན་ལྡན་གྱི་བཤེས་གཉེན། །
ལས་སྐལ་ངན་འཁོར་འབངས་དྭ་ཕྲུག་གི་སྡེ་འདི། །
ཐུགས་བརྩེ་ཆེན་སྙིང་རྗེའི་ལྕགས་ཀྱུ་ལ་དྲངས་ནས། །
རྗེ་བཤེས་གཉེན་ཁྱེད་ཀྱི་ཞིང་ཁམས་སུ་འདྲེན་མཛོད། །
༢༠༡༡/༡/༢༧/ཉིན་རང་ཤག་ལྔ་རིག་འཛུམ་པའི་ལྡིང་ཁང་ནས་བྲིས།