གངས་ཐང་གི་མྱོང་བྱང༌།
ཁ་བའི་འོད་ཚོགས་མུན་པའི་སྨག་གིས་བཟུང༌།།
ཡིད་འོང་གངས་རྩེའི་མེ་ཏོག་རྒྱང་ལ་བྱེར།།
ཡངས་པའི་ས་ཆེན་སྡུག་གི་མུན་པར་ལྷུང༌།།
རེ་བའི་ཉི་མ་ལོ་དང་ཟླ་བས་འཛད།།
འཚོ་བའི་གཞུང་ཤིང་བསླུ་བྲིད་སྟ་རེ་ཕོག།
ཡོད་ཚད་དུད་སྨུག་ཀློང་ནས་མགོ་བོ་འཁོར།།
འབྱུང་འགྱུར་ལས་ཀྱི་སྣ་ཞགས་གདོན་གྱིས་ཟིན།།
རླབས་ཆེན་རིགས་ཀྱི་ཚེ་སྲོག་འཇིག་ལ་ཉེ།།
དུས་ཀྱི་བརྡབ་གསིག་འཚོལ་སྙེག་བྲག་ལ་བསྟིམས།།
དམར་ཆུང་སེམས་པ་ང་རྒྱལ་སྟག་མོས་ཟོས།།
རྣམ་རྟོག་སྙིང་ལ་འཐུང་བའི་གསོན་པོའི་མིག།
འཇིགས་རུང་ཉམས་ཀྱིས་མཛེས་སྡུག་ལོངས་སུ་སྤྱད།།
ཞི་བདེའི་སྙིང་ལ་དུག་གི་ཚེར་མ་སྐྱེས།།
གངས་རིའི་ལྗོངས་ན་ཁྲག་གི་ཞབས་རྗེས་དཔར།།
སྒྱུ་མའི་ལུས་འདི་དུར་འཇུག་མ་བྱས་གོང༌།།
ཐམས་ཅད་བདེན་པའི་ལམ་ནས་ར་སྤྲོད་བྱེད།།
འཇིགས་རུང་གཤེད་རླུང་འཚུབ་མ་རྒྱང་ནས་འཁོར།།
དྲན་གདུང་སེམས་ཀྱི་ཟླ་བ་གཟའ་ཡིས་ཟིན།།
མིག་ཆུའི་རླབས་ཀྱི་ཕྲེང་བ་དགུང་ལ་འཕྱོ།།
མི་འདོད་ལས་ཀྱི་རྨ་ཁ་སྙིང་ལ་ཟབ།།
བསླུ་བྲིད་འདྲེ་མོ་རྣམ་རྟོག་གར་གྱིས་མྱོས།།
གསར་བྱུང་འཕྲུལ་གྱི་མེ་དཔུང་སེམས་ནས་འབར།།
རྗེས་ལུས་གོམ་ཁ་ལྷོད་པོའི་རྐང་འདྲེད་ཀྱིས།།
གདོད་མའི་ཁ་བའི་རི་ཚོགས་ཡོམ་ཡོམ་བསྒུལ།།
དུས་ཀྱི་ཟླ་བ་མུན་པའི་མཚོ་ལ་ལྡང༌།།
ཁ་བ་ལེབ་མོ་མི་གཙང་དྲི་དང་འགྲོགས།།
རྙིང་བའི་བྲེད་ཤ་ཞེན་པའི་མལ་ནས་རུལ།།
ཚན་རིག་ཞིང་ནས་གངས་ཀྱིས་ལྷིང་འཇགས་སྒུམ།།
ཆུ་བུར་མིག་ལ་ལྟད་མོ་ཅི་སྣང་ཡང༌།།
དགའ་སྡུག་ལས་ཀྱི་མྱོང་བ་ཁོ་ནར་ཟད།།
མ་བརྟགས་ཉམས་དགའ་སྒྱུ་མའི་རྫས་འཕྲུལ་གྱིས།།
རྟེན་འབྲེལ་ལས་ཀྱི་སྒོ་མོ་མཐའ་དག་བརྒྱབ།།
མུ་མེད་སེམས་ཀྱི་འཐེན་ཤུགས་དགུང་ལ་ཟུག།
རླུང་རྟ་ཁྲ་མོ་འཚུབ་མའི་རྡུལ་ལ་འཁོར།།
འཁྲུལ་སྣང་བཙན་རྫོང་སྐྱ་བོ་མ་ཞིག་ན།།
དེ་སྲིད་བར་དུ་སྙན་དངགས་རྫོགས་མི་འགྱུར།།
༢༠༠༥/༧/༡༣/ལ་བྲིས།
༢༠༠༨/ལོའི《གཉའ་ཁྲི་བཙད་པོ》རུ་བཀོད།