ཁེར་གླུ་རིང་མོ།།
ཕ་སྐད་མ་ཡིག་དགའ་བའི་མི་བུ་ཚོ།།
མ་གཡེང་ལན་གཅིག་གཟིགས་དང་ཁེར་གླུ་འདི །།
རྩོམ་གྱི་བརྗོད་བྱ་དབུལ་ཡང་དགའ་ཕྱོགས་ཀྱིས།།
གང་དྲན་བརྗོད་པའི་གཏམ་འདི་ཀློག་པར་འཚལ།།
མི་བུ་ཆུང་ཆུང་ལྷ་གཡག་དར་མ་ཁྱོད།།
སེམས་པ་ཆུང་ཆུང་ཡེ་ནས་མི་དགོས་ལ།།
བློ་དང་རིག་པ་གཞན་དང་གཅིག་མཚུངས་པས།།
སྤོབས་པ་ཆེར་བསྐྱེད་མུ་མཐུད་རིག་གནས་སྦྱོངས།།
ལས་དང་རྒྱུ་འབྲས་མིག་སྙིང་ལྟར་དུ་གཅེས།།
ཚེ་འདིར་བཀའ་དྲིན་ཆེ་བའི་མི་སྣ་སྟེ།།
ཕ་མ་གཉིས་དང་དགེ་རྒན་སྤུན་གྲོགས་ཚོའི།།
སྙིང་གཏམ་ཡིད་ལ་བཅངས་ནས་བརྩོན་ལེན་བྱོས།།
མ་འོངས་མི་ཚེའི་བདེ་སྐྱིད་འཚོ་བ་དེ།།
ད་ལྟའི་འབད་པ་གཙོ་བོ་ཡིན་ཅེས་པའི།།
ཨ་མྱེ་རྒད་པོ་དག་གི་ཞལ་གདམས་འདི །།
དང་ལེན་བྱས་ནས་འཚོ་བ་དངོས་ནང་སྤྱོད། །
སྨན་པ་ཞེས་པའི་མིང་ཆེན་རྫིག་པོ་དེ།།
ལག་ལེན་མྱོང་བ་མེད་པས་དཀའ་མོ་གདའ།།
ནད་ཅན་སྣ་མང་འདུས་སའི་སྨན་ཁང་འདིར།།
ཅི་དགོས་འདི་བྱ་བྲལ་བ་ཉུང་ཉུང་མིན།།
ལས་དོན་ཙ་ཙིག་མང་ཞིང་མགོ་ཉོག་ཆེ།།
ངལ་དུབ་ཅི་ཙམ་འཕྲད་ཀྱང་ནད་ཅན་དག །
ཚིག་ངན་མ་འཆད་བློ་དང་རིག་པ་སྒྲིམ།།
ཟུག་གཟེར་ཕྲན་ཙམ་འཇག་ཐབས་ཁྱོད་ཀྱིས་འགན།།
དགའ་རོགས་འདུག་རོགས་ཚེ་རོགས་འགྲོ་རོགས་ནི།།
མི་ཡི་འཚོ་བར་མེད་ན་མི་ལོ་སྟེ།།།
འོན་ཀྱང་གོམས་གཤིས་བཟང་པོར་གྱུར་པ་ན།།
ཁེར་རྐྱང་གང་དུ་སོང་ཡང་སྐྱིད་ཅིག་འདུག །
དགའ་བའི་མིག་བརྡ་ཕར་ལ་བསྟན་ཙམ་གྱིས།།
བརྩེ་བའི་འཛུམ་མདངས་ཟུར་ནས་འཕེན་མཁས་པ།།
དུང་སེམས་འོ་མའི་མངར་ཁ་སྦྱིན་མཁན་ཏེ།།
དགའ་རོགས་དེ་ཚོ་དྲན་པའི་གཞི་རྟེན་གྱུར།།
དེ་སྔོན་དགའ་རོགས་གྱུར་པའི་བུ་མོ་རྣམས།།
དགའ་བའི་དུང་སེམས་དེ་ནི་སྤྲད་མྱོང་ལ།།
ཁ་མཁས་དོན་སྟོང་དེ་ནི་བཤད་མེད་པས།།
ཁོ་ཚོར་འགྲོ་ལམ་བདེ་བས་དགའ་ནས་ཡོད།།
ཟླ་རེའི་གླ་ཆས་རང་མགོ་ཐོན་སོང་ན།།
ལོག་ཏུ་གསོག་རྒྱུ་མེད་པའི་སྡུག་བསྔལ་མེད།།
ཡོད་ཚད་ང་དགོས་སེམས་པའི་སྟོང་བསམ་བྲལ།།
ནུས་མེད་བུ་ངའི་སེམས་ལ་སྐྱིད་གཅིག་ཡོད།།
ཁོ་ཡིས་ང་ལ་གང་ཡང་མི་འདུག་ཟེར།།
གཅིག་གིས་ང་ལ་གང་དགོས་འཛོམས་གདའ་ལབ།།
གང་ལྟར་བསྟོད་སྨད་ཇི་ལྟར་བྱས་ཀྱང་རུང་།།
རང་ཚུགས་རི་བོ་བཞིན་དུ་བརྟན་གྱུར་ཅིག །
གཞུང་དོན་ཙ་ཙིག་འདི་ལ་མགོ་འཁོར་བས།།
ཕ་མ་ཟུང་ལ་ཞབས་ཕྱི་མ་འགྲུབ་དུས།།
སེམས་ལ་དྭངས་ཐབས་མེད་པའི་གཅོང་ནད་འདི།།
སེལ་བའི་ཐབས་ཤེས་གང་ལེགས་མྱུར་དུ་བརྩོན།།
ལོ་ངོ་མང་པོར་སློབ་ཡོན་འགྲོ་སོང་སོགས།།
ཁྲི་ཕྲག་དུ་མར་ཆུ་བོའི་རྒྱུན་བཞིན་སྟེར།།
གླ་ཕོག་ཐབས་ཆག་ཡོད་རུང་ཁྱིམ་ནང་ལ ། །
སྒོར་མོ་གཅིག་གི་ཕན་ཐོག་མེད་པས་སྐྱོ།།
གྲོགས་པོ་བསམ་དཀར་ལྷད་མེད་འགའ་ཞིག་གིས།།
ཕ་མ་རྒན་གོག་ལོ་ན་བགྲེས་ལུགས་ཀྱིས།།
གང་མགྱོགས་རོགས་ཤིག་འཚོལ་ནས་ཡག་རབས་བཤད།།
དེ་ཡང་ལོས་བདེན་གྲོགས་པོའི་ལྷག་བསམ་རེད།།
བློ་ཁོག་ཆུང་བའི་སྐྱོན་ཆ་ཡིན་ངེས་ཏེ།།
དེང་དུས་ཕོ་མོའི་བརྩེ་དུང་རོལ་ཚུལ་དང་།།
བཟའ་ཚང་འགའ་ཡི་བྱ་སྤྱོད་མཐོང་དུས་སུ།།
མི་རྐྱང་འཚོ་བ་འདི་ལ་སྣང་རེ་སྤྲོ །།
ཡང་གཅིག་འགའ་ཡི་ཤོད་ཚུལ་འདི་འདྲ་སྟེ།།
ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་ཉེ་ཡང་།།
ད་དུང་འདུག་རོགས་མེད་པའི་དར་མ་དེ།།
སྐྱོན་ཡོན་ཅི་ཡིན་བཤད་ཚོད་དཀའ་གདའ་ཟེར།།
དགའ་རོགས་མ་བཙལ་རེད་ཅེས་བཤད་ཀྱང་ཆོག །
ཚེ་རོགས་མ་རྙེད་རེད་ཟེར་སྨོས་ཀྱང་རུང་།།
ད་ལྟ་ང་ཡི་འཚོ་བ་རོལ་སྟངས་འདི།།
ང་ལ་མཚོན་ན་དགའ་ཞིང་སྐྱིད་དུས་ཡིན།།
ཕོ་སར་སྣང་མཐོ་རེད་ཅེས་མ་བཤད་རོགས།།
རེ་བ་ཆེ་བའི་སྐྱོན་འདུག་མ་གླེང་དང་།།
ང་ལ་ང་ཡི་འཚོ་བའི་བཀོད་སྒྲིག་ཡོད།།
ང་ལ་དབང་བའི་མི་ཞིག་ཡོད་པར་སེམས།།
ཁྱོད་ཀྱིས་ཡིད་ངོར་ང་ནི་ཆེ་འདུག་བསམ།།
ང་ཡིས་སེམས་ལ་ཁྱོད་རང་འཕྱུག་འདུག་སེམས།།
གང་ལྟར་ཕན་ཚུན་ལྟ་བ་མ་མཐུན་ཚེ།།
སོ་སོ་རང་གི་མདུན་གྱི་ལམ་ལ་བསྐྱོད།།
ཁ་ཞེ་གཉིས་མེད་ཕན་ཚུན་མ་དགའ་དུས།།
དོན་མེད་གཏམ་ཉོག་བཤད་པའི་དགོས་པ་དབེན།།
ཁེར་རྐྱང་འཚོ་བ་དགའ་ཞིང་སྐྱིད་དུས་འདིར།།
ངོས་ལྐོག་ཅན་གྱི་ཟུར་ཟའི་གཏམ་གླེང་སྤོང་།།
ཆེན་པོ་གང་མིན་མི་བུ་དཀྱུས་མ་ཞིག །
ཤེས་ཡོན་གང་མེད་ཡིག་རྨོངས་སེལ་ཙམ་ལ།།
རྒྱུ་ནོར་གང་མེད་ལྟོ་རྒྱབ་དྲོས་ཙམ་ཡིན།།
རྫིགས་ཉམས་གང་མེད་མི་མཉམ་འདྲེས་ཙམ་མོ།།
མདུན་ན་ཡོད་པའི་དཔེ་དེབ་རེ་ཟུང་དང་།།
ཟུར་ན་གནས་པའི་ལག་འཁྱེར་གློག་ཀླད་འདི།།
ལག་ཏུ་ཐོག་པའི་ཀུ་ཤུའི་ཁ་པར་བཅས།།
ཉིན་མཚན་ལྟོས་མེད་ཁོ་བོའི་གྲོགས་དེ་གྱུར།།
བརྩེ་བའི་ཡབ་ཡུམ་གཉིས་པོས་གུས་པ་ལ།།
ལས་ཞུགས་ཡིག་ཚད་ལོན་པའི་ལག་རྟགས་ཏེ།།
ཉོས་པའི་འཕྲུལ་རྟ་དམར་སེར་རླུང་གཤོག་འདི།།
ངེད་གཉིས་བར་ལ་བརྩེ་བས་ཁེངས་ནས་ཡོད།།
ལོ་ངོ་གསུམ་ལྷག་མཉམ་བསྐྱོད་བྱེད་རིང་དུ།།
ལམ་ཐག་རིང་ཐུང་གང་ལ་ཕྱིན་ཡང་རུང་།།
བརྡབ་སྐྱོན་ཙམ་མེད་སྔར་བཞིན་སོ་མར་གནས།།
འཕྲུལ་རྟ་འདི་ཡང་ཁོ་བོའི་གྲོགས་ཤིག་འདོད །།
ཁང་མིག་བརྒྱད་ལས་གྲུབ་པའི་འཕྲོད་བསྟེན་ཁང་།།
ཉིན་རེར་ཆུ་ཚོད་བརྒྱད་ཙམ་གནས་དེར་བསྡད།།
རང་ནུས་གང་ཡོད་དམངས་ལ་ཞབས་ཕྱི་སྒྲུབ།།
འདི་ཡང་ཁོ་བོའི་ལས་དབང་ཡིན་པར་འདོད།།
ཨ་སྦོ་ཞེས་པའི་མིང་དེ་རྣ་བར་བྱང་།།
གུས་ལུགས་ལྡན་པའི་ཡུལ་འདིའི་སྡེ་བ་ཚོར།།
དུང་སེམས་ལྷད་མེད་ཕར་ལ་ཞབས་ཕྱི་སྒྲུབ།།
ཚུར་ལ་དགའ་བའི་འཛུམ་མདངས་ཤིག་སེ་ཤིགས།།
རང་གཞན་ཀུན་ལ་ཕན་པའི་བསླབ་བྱ་དང་།།
ཕས་ཀྱིས་རྒོལ་བར་འགོག་པའི་དཔྱད་རྩོམ་མེད།།
ཚོར་སྣང་དགའ་སྐྱོ་འདྲེས་མའི་བར་གསེང་ནས།།
རྡོལ་བའི་སེམས་གཏམ་དམར་རྗེན་འབྲི་བར་སྤྲོ།།
ཚིག་བཅད་ཉེར་བརྒྱད་ལོན་པའི་ཁེར་གླུ་འདི །།
ཁེར་རྐྱང་འཚོ་བའི་བར་སེང་ཁོམས་སྐབས་སུ།།
ཕོ་ལོ་ཉེར་བརྒྱད་ལོན་པའི་མཚོན་རྟགས་སུ།།
གང་དྲན་ཤར་མར་བྲིས་པས་དོན་ཞིག་ཡོད།།
༢༠༡༣ལོའི་ཟླ་༡༠པ་ནས་༡༡ ༢༩ བར་མཇུག་རྫོགས།།