དགའ་སྐྱིད་འབུམ་ལྡན་གྱི་ལྷན་འཛོམས། །
ལྷ་སར་ལོ་གཉིས་རིང་སློབ་སྦྱོང་སྐབས་ཡུལ་གྲོགས་མཉམ་འཛོམས་ཀྱི་ཕྱིར་དྲན།
མདོ་བོད་མཐོ་སྒང་བའི །
ཕ་སའི་ལྟེ་བ་སྟེ ། །
ལྷ་ས་དག་པའི་ཞིང་། །
གངས་ཕྲུག་འདུ་སའི་གནས། །
ཆོལ་གསུམ་རིག་གསར་ཚོས། །
མ་འོངས་གངས་ལྗོངས་ཀྱི། །
གཞི་འཛིན་སྟ་གོན་ལ། །
བྲེལ་སའི་སློབ་གླིང་མང་། །
མ་ཡུམ་སློབ་གླིང་སྟེ། །
གསོ་རིག་སློབ་ཆེན་ནང་། །
དགེ་སློབ་མཐུན་སྒྲིལ་ཟབ། །
བཅུ་རིག་མེ་ཏོག་བཞད། །
རིག་གནས་ཀུན་མཁྱེན་པའི། །
ཚུལ་ལྡན་བཤེས་གཉེན་ཚོས། །
ཉིན་མཚན་དབྱེར་མེད་ངང་། །
གདམས་ངག་གྲུ་ཆར་སྦྱིན། །
དེ་འཁོར་སློབ་བུའི་ཚོགས། །
བཅུ་ཕྲག་རིག་གནས་ལ། །
འབད་བརྩོན་ལྷད་མེད་ཀྱིས། །
ལྟོགས་པ་ཟས་འདོད་བཞིན། །
ནད་ཅན་འགྲོ་བ་ཚོའི། །
དཔུང་མཉེན་འཚོ་བྱེད་འགའ། །
དུས་ཡུན་མི་རིང་བར། །
སླེབ་པའི་རེ་འབྲས་གདའ། །
ཁྱུང་གཤོག་གཡས་གཡོན་ ༼ ༡ ༽ གཉིས། །
ཁྱུང་ཕྲུག་བློ་གསལ་སོགས། །
ཤེས་རིག་བག་མ་ལ། །
བསུ་བ་ལམ་སྟོན་མཛོད། །
ང་འདྲའི་ཤེས་དམན་ཚོའི། །
བྱ་སྤྱོད་འགྲོ་འདུག་ཐད། །
བློ་འདོན་བཀའ་སློབ་ནི། །
ནམ་ཡང་གསུངས་པར་རེ། །
༼ ༢ ༽འཚོ་བྱེད་ཟླ་འོད་ཁྱེད། །
རིག་གཞུང་ལག་རྩལ་ལེགས། །
ཤེས་འཇོན་ནུས་གསུམ་ལྡན། །
གཞན་ཕན་འོད་ཀྱིས་ཕྱུག །
གནའ་དེང་རིག་གནས་ལ། །
རྨང་གཞི་ཆེས་ལེགས་པས། །
འཆད་རྩོད་རྩོམ་གྱི་ཐོག །
གཞན་ལས་ཁྱད་དུ་འཕགས། །
ཁྱེད་ཀྱིས་དེ་སྔོན་ནས། །
སློབ་གསོ་སློབ་ཁྲིད་ལེགས། །
སྐུལ་སློང་བཟང་པོ་ཡིས། །
མ་ནོར་ལམ་སྟོན་ཡག །
ཤེས་མེད་སློབ་མ་ངར་། །
རིག་གནས་རྨང་གཞི་སོགས།
ལེགས་ཆ་ཅུང་ལྡན་ན། །
ཁྱེད་ཀྱི་བཀའ་དྲིན་ནོ། །
༼ ༣ ༽ཐོག་མདའ་དམར་པོ་ཁྱེད། །
སྐྱེས་སྟོབས་ཤེས་རབ་བརྣོ། །
རིག་པའི་གནས་ཀུན་ལ། །
མཐོང་ཐོས་མྱོང་བས་ཕྱུག །
བརྟན་བརླིང་སྒམ་པ་དང་། །
འདྲིས་སླ་ཨ་གསར་མེད། །
ང་ཁྱོད་ཕྱོགས་རིས་བྲལ། །
དྲང་བདེན་གནས་ལུགས་སྐྱོང་། །
ཤེས་ལྡན་མི་སྣ་དག །
སྤྱི་བོའི་རྒྱན་དུ་བཀུར། །
བརྩོན་སེམས་སློབ་མ་རྣམས། །
མ་བོས་ངང་གི་འདུ། །
ཁྱེད་ཀྱི་ཀུན་སྤྱོད་དག །
སེམས་ནང་ཤར་ཐེངས་རེར། །
ནམ་ཡང་ཁྱེད་དང་ལྷན། །
འགྲོགས་པའི་དམ་བཅའ་ཤོར། །
ན་མཉམ་སློབ་གྲོགས་རྣམས། །
སྐྱེས་སྟོབས་ཤེས་རབ་རྣོ།
གནའ་དེང་རིག་གཞུང་ལ། །
སྦྱངས་སྟོབས་བརྩོན་འགྲུས་ཆེ། །
བརྩེ་བའི་སློབ་གྲོགས་ཚོ། །
སློབ་གླིང་འདུག་སྐབས་དེར། །
རང་སྦྱོང་གཞན་འདྲི་ཡིས། །
བརྩོན་པའི་ལས་ལ་བྲེལ། །
ཕ་མ་སྤུན་མཆེད་ཚོའི། །
རེ་དོན་སེམས་ལ་བཅངས། །
མི་རིགས་དར་རྒུད་ཀྱི། །
སྐྱིད་སྡུག་ཡིད་ལ་ཞོག །
ཤེས་དམན་ང་ལྟ་བུས། །
ཁ་ཏ་བྱེད་པ་འདི། །
ཅུང་ཟད་མི་འཚམ་ཡང་། །
སེམས་གཏམ་ཡིན་ཁུལ་ཡིན
རིག་གནས་ཡོན་ཏན་གྱིས། །
ཤེས་མཐར་ཕྱིན་པ་མིན། །
མི་རྟག་དུས་ཚོད་ཀྱིས། །
ཡོད་ཚད་བྲལ་དགོས་བྱུང་། །
རིག་གཞུང་ལག་ལེན་ལ། །
ཉམས་མྱོང་ཅུང་མེད་ན། །
སྨན་པའི་མིང་ཆེན་དེ། །
ཁུར་དུས་ཁག་པོ་འདུག །
རང་ནུས་གང་ཡོད་ཀྱིས། །
ནད་པ་བལྟ་དུས་སུ། །
ཚ་གྲང་དབྱེ་འབྱེད་ལ། །
དཀའ་ངལ་དེ་བས་ཆེ། །
འགྲོ་བ་ནད་ཅན་ཚོའི། །
རིན་ཆེན་སྲོག་དབུགས་འདི། །
མི་ཆད་ཐབས་ཤེས་ཤིག །
གང་དགོས་བྱ་རོགས་ཞེས། །
ལག་ཏུ་འཇོག་དུས་སུ། །
མཐོང་གོམས་ཅུང་མེད་ན། །
གཉེན་པོ་སྨན་དཔྱད་སོགས། །
གཏོང་ཐབས་དཀའ་མོ་འདུག །
གསར་འགྱུར་བརྙན་འཕྲིན་ནང་། །
ལྷ་ས་མཐོང་ཐེངས་རེར། །
དགེ་བའི་བཤེས་གཉེན་ཚོའི། །
གདམ་ངག་ཉན་འདོད་བྱུང་། །
ན་གཞོན་ཁྱུ་དང་ཁྱུ། །
མཉམ་འདུས་བྱེད་སྐབས་དེར། །
བརྩེ་བའི་སློབ་གྲོགས་ཚོའི། །
འགྱུར་མེད་བརྩེ་སེམས་དྲན། །
བོད་ཡིག་དྲྭ་ལམ་ནས། །
སེམས་མཐུན་གྲོགས་པོ་ཚོའི། །
འདས་མ་ད་གསུམ་གྱི། །
སེམས་གཏམ་བགྲོ་གླེང་སོགས། །
བརྡ་སྦྱོར་བཀྲམ་པའི་དུས། །
ང་ཚོ་ལྷན་འཛོམས་ཀྱི། །
དགོད་སྒྲ་དྲན་ཐེངས་རེར། །
སེམས་པ་སྔར་ལས་དྲོ། །
མི་རིང་དུས་ཚོད་ནང་། །
སླར་ཡང་མཉམ་འཛོམས་ཀྱི། །
སྐྱིད་པའི་ཉི་མ་ཞིག །
ཤར་བའི་རེ་སྨོན་ཡོད། །
དགེ་བའི་བཤེས་གཉེན་ཚོ། །
སྐུ་ཚེ་བསྐལ་བརྒྱར་བརྟན། །
ན་གཞོན་སློབ་མ་རྣམས། །
ཤེས་ཡོན་རྒྱས་པར་སྨོན། །
ཚིག་སྦྱོར་དག་ཆ་སོགས། །
སྙན་པོ་མེད་ན་ཡང་། །
རང་གི་སེམས་ཁོང་ནས། །
ཕྱུར་བའི་ཁྲག་ཐིགས་ཡིན། །
གསལ་བཤད།
༼༡༽ཁྱུང་གཤོག་གཡས་གཡོན་གཉིས་ཏེ།འཚོ་བྱེད་ཟླ་འོད་དང་།ཐོག་མདའ་དམར་པོ་གཉིས།
༼ ༢ ༽འཚོ་བྱེ་ཟླ་འོད་དེ་གཡུང་དྲུང་བཀྲ་ཤིས་དང་།
༼ ༣ ༽ཐོག་མདའ་དམར་པོ་སྟེ་ཁྱུང་པོ་དཔལ་རྒྱལ་གཉིས་ཀྱི་སྨྱུག་མིང་ཡིན་ནོ།
༢༠༡༢ལོའི་ཟླ༡༠་པའི་ཚེས་༡༢ཉིན་ལྷན་འཛོམས་ཀྱི་པར་རིས་ཤིག་ལ་བལྟས་ནས་དྲན་དུང་ཙམ་ཕུལ།